བཟེད་བཀང་བའི་ཆུ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་བཞེས་ཏེ་གསོལ་ལོ། །​ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསམས་པ་བཅོམ་ལྡན་འདས་ཀྱིས་སྔོན་གྱི་བཀའ་སྩལ་པ། དགེ་སློང་དག་ཕ་དང་མས་ནི་བུ་གསོས། བསྲིངས་བསྐྱེད་ནུ་མས་བསྣུན། འཛམ་བུའི་གླིང་གི་སྣ་ཚོགས་སྟོན་པར་བྱེད་པ་ཡིན་པས་ཤིན་ཏུ་དཀའ་བ་བྱེད་པ་སྟེ། བུས་ཕྲག་པ་གཅིག་ལ་ནི་མ་བཞག་ཅིག་ཤོས་ལ་ནི་ཕ་བཞག་ནས་ལོ་བརྒྱ་ཚང་བར་ཁུར་དུ་ཐོགས་སམ། ས་ཆེན་པོ་འདིའི་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་། པད་མ་རཱ་ག་དང་། དུང་གཡས་སུ་འཁྱིལ་པ་སྟེ། དེ་ལྟ་བུའི་དབང་ཕྱུག་ལ་བདག་པོར་བཅུག་ཀྱང་། བུས་ཕ་མ་ལ་དེ་ཙམ་གྱིས་ཕན་ཐོགས་པའམ་ལན་ལོན་པར་མི་འགྱུར་གྱི། གང་གིས་ཕ་མ་དད་པ་མེད་པ་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་ལ་འདུལ་ཞིང་འཛུད་དེ་སོ་སོར་འགོད་པར་བྱེད་པ་དང་། ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སེར་སྣ་ཅན་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་འཆལ་པ། ཤེས་རབ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་ལ་འདུལ་ཞིང་འཛུད་དེ་སོ་སོར་འགོད་པར་བྱེད་ན། དེ་ཙམ་གྱིས་བུས་ཕ་དང་མ་ལ་ཕན་ཐོགས་པ་དང་ལན་ལོན་པ་ཡིན་ནོ་ཞེས་གསུངས་ན། བདག་གིས་ནི་མ་ལ་ལན་གཅིག་ཡང་མ་ལོན་གྱིས། མ་ལ་བདག་གིས་བདག་གི་མ་གང་དུ་སྐྱེས་པ་བསམ་མོ་སྙམ་ནས་བསམ་པ་ལ་ཞུགས་པ་དང་། འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་སྐྱེས་པར་མཐོང་ངོ་། །​དེས་དེ་སུའི་གདུལ་བྱ་ཡིན་པ་བརྟགས་ན། བཅོམ་ལྡན་འདས་ཀྱི་ཡིན་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ལམ་རིང་པོ་ནས་འདིར་འོངས་པས་ཅི་ནས་ཀྱང་བདག་གིས་བཅོམ་ལྡན་འདས་ལ་དོན་འདི་གསོལ་ལོ་སྙམ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་ཀྱིས་སྔོན་དགེ་སློང་དག་ཕ་དང་མ་ནི་བུ་ལ་ཤིན་དུ་དཀའ་བ་བྱེད་པ་ཡིན་ནོ་ཞེས་གསུངས་ན།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6/UT22084-001-006-7905#UT22084-001-006-7905