བདག་གིས་ཟས་ལ་སྤྱན་དྲངས་སོ། །​བཙུན་པ་དེ་ཚིམ་བྱས་ནས་སུ། །​དེ་ཚེ་སྨོན་ལམ་བཏབ་པ་ནི། །​དྲང་སྲོང་འདི་ལྟ་བུ་དག་དང་། །​བདག་ནི་ལྷན་ཅིག་འགྲོགས་པར་ཤོག །​རྫོགས་སངས་རྒྱས་ནི་མཉེས་བྱེད་ཅིང་། །​བདག་གིས་རབ་འབྱུང་ཐོབ་ནས་ནི། །​འཇིགས་ཤིང་སྐྲག་པ་མེད་པ་ཡི། །​ཟག་པ་མེད་ལ་གནས་པར་ཤོག །​དགེ་བའི་ལས་དེ་བྱས་པས་ན། །​ལྷ་ཡི་འཇིག་རྟེན་རབ་ཏུ་དགའ། །​མི་ཉིད་རྙེད་པ་ཐོབ་ནས་ཀྱང་། །​ཕྱུག་ཅིང་ནོར་ནི་མང་བར་གྱུར། །​རྫོགས་སངས་གང་ཟག་ཟླ་མེད་པ། །​སྟོན་པ་བདག་གིས་མཉེས་པར་བྱས། །​བདག་གིས་ཤཱཀྱ་ཐུབ་མཐོང་ནས། །​ཁྱིམ་མེད་པར་ནི་རབ་ཏུ་བྱུང་། །​དད་པས་རབ་ཏུ་བྱུང་ནས་ཀྱང་། །​བསྟན་ལ་དགའ་བས་གནས་བྱས་པས། །​བདག་གིས་དགྲ་བཅོམ་ཐོབ་ནས་ནི། །​མངོན་ཤེས་དྲུག་ལ་དབང་བྱས་སོ། །​ད་དུང་དུ་ཡང་བཙུན་པ་དག །​བདག་ནི་ཐམས་ཅད་དབང་གྱུར་ནའང་། །​ཕུག་གི་ནང་དུ་ཞུགས་ནས་སུ། །​འཆི་བ་ཉེ་བར་གྱུར་པ་ན། །​སྦྲུལ་གདུག་ཤིན་ཏུ་མི་བཟད་པ། །​བདག་གི་ལུས་ལ་འབབ་པར་གྱུར། །​བཙུན་པ་བདག་གིས་ཉེས་སྤྱད་པ། །​གང་བགྱིས་དྲན་པ་འདི་ལགས་ཏེ། །​ལས་ནི་ཆུད་མི་ཟ་བས་ན། །​དེ་ཡི་འབྲས་བུ་ཉམས་སུ་མྱོང་། །​དེ་ལྟར་གནས་བརྟན་ཉེ་སྡེ་ཡིས། །​དགེ་སློང་དགེ་འདུན་མདུན་འདུག་ནས། །​མ་དྲོས་པ་ཡི་མཚོ་ཆེན་དུ། །​རང་གི་ལས་ནི་ལུང་བསྟན་ཏོ། །​ཉེ་སྡེའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།​། །​།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་བཟང་ལྡན་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་བཟང་ལྡན་ཚེ་དང་ལྡན་པ་ཉེ་སྡེས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་བཟང་ལྡན་གྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །​དེ་ནས་ཚེ་དང་ལྡན་པ་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། དགོན་པ་ཤིན་ཏུ་འཇིགས་ཆེན་གྱི། །​མུ་གེ་དག་ནི་བྱུང་བ་ན། །​རང་གི་ཟས་ནི་དོན་གཉེར་བ། །​སློང་བ་པོ་ནི་ལྔ་བརྒྱ་ཡི། །​དེ་རྣམས་ཀུན་གྱི་དཔོན་གྱུར་ཅིང་། །​དེ་དག་ཀུན་གྱིས་གཙོར་བཀུར་ཏེ། །​དེ་རྣམས་ཀུན་གྱིས་བསླངས་པ་ཡི། །​ཟས་ནི་བདག་ལ་འབུལ་བར་བྱེད། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6/UT22084-001-006-8506#UT22084-001-006-8506