ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བསྔགས་ལྡན་སླར་བཏང་བ་ཞེས་བྱ་བའི་མཆོད་རྟེན་བརྩིགས་ཏེ། ད་དུང་དུ་ཡང་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་ཕྱག་བྱེད་དོ། །​དེ་ནས་བཅོམ་ལྡན་འདས་ཡུལ་གནག་ལྷས་ཅན་དུ་བྱོན་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གནག་ལྷས་ཅན་འདིར་རིགས་ཀྱི་བུ་འདུན་པ་བཙས་ནས་འདི་ཉིད་དུ་ཆེན་པོར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་སྡིག་ཅན་དུ་བྱོན་ཏེ། སྡིག་ཅན་གྱི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་སྡིག་ཅན་དུ་གཤེགས་སོ་ཞེས་ཐོས་སོ། །​ཐོས་ནས་ཀྱང་རྒན་རབས་རྒན་རབས་རྣམས་ཀྱིས་སྨྲས་པ། གཞོན་ནུ་གང་ཡིན་པ་དེ་དག་གིས་ནི་ལམ་བཟང་པོར་བྱོས་ཤིག །​བདག་ཅག་གིས་ནི་གྲོང་ཁྱེར་བཟང་པོར་བྱའོ། །​དེ་ནས་གཞོན་ནུ་རྣམས་ཀྱིས་ལམ་བཟང་པོར་བྱ་བར་བརྩམས་པ་ན། དེ་རྣམས་ཀྱིས་ཕ་བོང་ཞིག་མཐོང་ནས་དེ་རྣམས་ཀྱིས་དེ་དོར་བར་བརྩམས་པ་ལས་དོར་བར་མ་ནུས་སོ། །​བཅོམ་ལྡན་འདས་ཀྱང་ཕྱོགས་དེ་ཉིད་དུ་གཤེགས་ནས་བཀའ་སྩལ་པ། གནས་འཇོག་དག་འདི་ཅི་བྱ། བཅོམ་ལྡན་འདས་ཀྱི་སླད་དུ་ཤུལ་བཟང་པོར་བགྱི་ལགས་ན་ཕ་བོང་འདི་དོར་བར་རྔོ་མ་ཐོག་གོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་ལྟ་ན་ངས་དོར་རམ། བཅོམ་ལྡན་འདས་དོར་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཡས་པའི་མཐེ་བོས་ཕ་བོང་སྟེང་གི་ནམ་མཁའ་ལ་འཕངས་ཏེ་མིག་རྒྱང་གིས་ཀྱང་མི་སོད་པར་བོར་བ་དང་དེའི་སྒྲས་གྱད་རྣམས་སྔངས་པར་གྱུར་ཏོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་དག་མ་འཇིགས་ཤིག །​དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕ་བོང་དེ་ཕྱེ་མར་བརླགས་ནས་རྡུལ་འབབ་པར་བརྩམས་སོ། །​གྱད་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་རྡུལ་ག་ལས་འབབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པས་ཕ་བོང་དེ་ཕྱེ་མར་བརླགས་པ་ཡིན་ནོ། །​བཅོམ་ལྡན་འདས་ལ་ལེགས་པ་ཞིག་བགྱིས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6/UT22084-001-006-8012#UT22084-001-006-8012