ང་ཡང་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང་། འོད་མ་ཅན་གྱི་གྲོང་འདི་ཉིད་དུ་དབྱར་བཞུགས་པར་དམ་བཅས་ན་ཐམས་ཅད་བསོད་སྙོམས་ཀྱིས་ཕོངས་པར་མི་འགྱུར་གྲང་། བཙུན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་སྨོས་འདྲིན་ཇི་ལྟ་བུ་ཡོད་པ་དང་། གཏམ་འདྲེས་པ་ཇི་ལྟ་བུ་ཡོད་པ་དང་། འགྲོགས་བཤེས་ཇི་ལྟ་བུ་ཡོད་པ་དག་ནི་ཡངས་པ་ཅན་གྱི་ཉེན་ཀོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་དམ་བཅས་སོ། །​བཅོམ་ལྡན་འདས་ཀྱང་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང་། འོད་མ་ཅན་གྱི་གྲོང་ཁྱེར་དེ་ཉིད་དུ་དབྱར་བཞུགས་པར་དམ་བཅས་སོ། །​དབྱར་གྱི་གནས་དེར་བཅོམ་ལྡན་འདས་སྙུན་ཚབས་ཆེན་པོ་མི་བཟད་པ་དྲག་པ་གྲོངས་ལ་ཐུག་པ་ཞིག་གིས་ཐེབས་སོ། །​དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བདག་ནད་ཚབས་ཆེན་པོ་མི་བཟད་པ་དྲག་པ་ཤི་ལ་ཐུག་པས་ཐེབས་ལ། དགེ་སློང་གི་དགེ་འདུན་ཡང་འཐོར་བར་གྱུར་ན། དགེ་སློང་གི་དགེ་འདུན་འཐོར་བ་ན། བདག་ཡོངས་སུ་མྱ་ངན་ལས་འདའ་བ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་བདག་གིས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་བཅིལ་ལ། མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་ལ་ལུས་ཀྱིས་མངོན་སུམ་དུ་བསྒྲུབས་ཏེ་གནས་པར་བྱའོ། །​སྙམ་དུ་དགོངས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚོར་བ་གཅིག་པོ་དེ་བརྩོན་འགྲུས་ཀྱིས་སླར་བཅིལ་ནས། མཚན་མ་ཐམས་ཅད་ཡིད་ལ་མི་མཛད་པས་སེམས་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་སྐུས་མངོན་སུམ་དུ་མཛད་དེ་བསྒྲུབས་ནས་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལྷག་པར་སྤྱོད་པ་དང་ལྷག་པར་འཚོ་བར་གྱུར་ཏོ། །​དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6/UT22084-001-006-7993#UT22084-001-006-7993