བླང་བར་བྱའོ། །​བཅོམ་ལྡན་འདས་ཀྱིས་འདུན་པ་བླང་བར་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་རྣམས་ཀྱིས་ཇི་ལྟར་བླང་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅིག་གིས་གཅིག་གི་དང་། གཅིག་གིས་གཉིས་ཀྱི་དང་། རབ་ཏུ་མང་པོ་རྣམས་ཀྱི་ཡང་རུང་སྟེ། དགེ་འདུན་གྱི་ནང་དུ་ཇི་སྙེད་ཀྱི་མིང་དག་བརྗོད་པར་ནུས་པའི་བར་དུའོ། །​དགེ་སློང་དག་ངས་དགེ་སློང་འདུན་པ་འབུལ་བར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཆོས་རྣམས་བཅའ་བར་བྱ་སྟེ། དགེ་སློང་འདུན་པ་འབུལ་བར་བྱེད་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་མཆིལ་ལྷམ་གཉིས་ཕུད་ནས་རྒན་རིམས་བཞིན་དུ་ཕྱག་འཚལ་ཏེ། ཙོག་ཙོག་པོར་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །​ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅྭ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅྭ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །​དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །​བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །​འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །​བརྗོད་པ་ཡང་རིག་པར་བགྱིད་དོ། །​དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་སློང་འདུན་པ་འབུལ་བས་གལ་ཏེ་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་འདུན་པ་འབུལ་བར་བྱེད་ན་འདུན་པ་ཕུལ་བར་བརྗོད་པར་བྱའོ། །​ངག་གི་རྣམ་པར་རིག་བྱེད་ཀྱིས་འདུན་པ་འབུལ་བར་བྱེད་ན་འདུན་པ་ཕུལ་བར་བརྗོད་པར་བྱའོ། །​ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་ཀྱིས་འདུན་པ་འབུལ་བར་བྱེད་ན་འདུན་པ་ཕུལ་བར་བརྗོད་པར་བྱའོ། །​ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཀྱང་འབུལ་བར་མི་བྱེད། ངག་གི་རྣམ་པར་རིག་བྱེད་ཀྱིས་ཀྱང་འབུལ་བར་མི་བྱེད་ན་དགེ་འདུན་ཐམས་ཅད་དེར་དོང་བར་བྱའོ། །​ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བླང་བར་བྱའོ། །​དགེ་འདུན་ཐམས་ཅད་དེར་འདོང་བར་མི་བྱེད་དམ། དགེ་སློང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1887#UT22084-001-002-1887