འདུལ་བ་གཞི། བམ་པོ་བཅུ་གསུམ་པ། སྡོམ་ལ། རྒྱལ་པོས་དགེ་སློང་བཟུང་བ་དང་། །​བྱ་བ་ཡོད་ཀྱིས་མ་ལྡང་དང་། །​སྨྱོས་པ་གནང་བ་སྦྱིན་པ་དང་། །​དྲན་པ་བཅུ་པོ་དག་ཡིན་ནོ། །​འདི་ལྟ་སྟེ་རྒྱལ་པོའམ། ཆོམ་རྐུན་པའམ། གསོད་པའམ། ཕྱིར་རྒོལ་བའམ། དགྲ་བོ་རྣམས་ཀྱིས་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་བཟུང་ན། དགེ་སློང་དེའི་དོན་གྱི་ཕྱིར་དགེ་སློང་དེ་རྣམས་ཀྱིས་མངོན་སུམ་དུའམ་ཕྲིན་པ་གཏང་ཞིང་དགེ་སློང་འདི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས། འདི་ཐོང་ཤིག་ཅེས་བརྗོད་པར་བྱའོ། །​གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། ཇི་སྟེ་མི་གཏོང་ན་དགེ་སློང་འདི་དང་བདག་ཅག་བྱ་བ་ཅུང་ཟད་ཅིག་ཡོད་ཀྱིས། དགེ་སློང་འདི་ཐོང་ཤིག་ཅེས་ཕྲིན་པ་གཉིས་པ་གཏང་བར་བྱའོ། །​གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། ཇི་སྟེ་མི་གཏོང་ན་དགེ་སློང་དེ་རྣམས་ཀྱིས་དཀྱིལ་འཁོར་བར་དོང་སྟེ་གསོ་སྦྱོང་བྱའོ། །​དེའི་འོག་ཏུ་ཕྱི་དེ་ཉིན་པར་དགེ་སློང་དེ་ཐར་བར་བྱ་བའི་ཕྱིར་འབད་པར་བྱ་སྟེ། གལ་ཏེ་འབད་པར་བྱེད་ན་དེ་ལྟ་ན་ལེགས། ཇི་སྟེ་འབད་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །​དེ་ནས་བཅོམ་ལྡན་འདས་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ནས། དགེ་འདུན་གྱི་སོ་སོར་ཐར་པ་བཏོན་ཏེ་གསོ་སྦྱོང་བྱས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་གྱི་བྱ་བ་ཅུང་ཞིག་ཡོད་ཀྱིས་རེ་ཞིག་མ་ལྡང་ཤིག །​དེ་ནས་དགེ་སློང་ཞིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་གནས་ཤིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མཆིས་པ་དེའི་ཡོངས་སུ་དག་པ་བླངས་ན་དེ་ལ་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེས་དགེ་སློང་བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་ཕུལ་བ་དེའི་འདུན་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1886#UT22084-001-002-1886