དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་དེ། དེའི་སླད་དུ་དགེ་འདུན་གྱིས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་ལ་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །​གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །​དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །​དགེ་འདུན་གྱིས་གང་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་རྣམས་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་བྱིན་པ་དེར་དགེ་སློང་རྣམས་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པས་འདོང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །​དགེ་སློང་དག་ལ་བཞིའི་ཚོགས་ཀྱིས་ལས་བྱ་བ་དག་བྱུང་ཞིང་ལྔའི་ཚོགས་ཀྱིས་ལས་བྱ་བ་དག་དང་། ཚོགས་ཀྱིས་ལས་བྱ་བ་དག་བྱུང་ནས། དེ་དག་དགེ་འདུན་ཐམས་ཅད་སྡུད་པར་བྱེད་པ་ན། དགེ་སློང་རྣམས་ཀྱི་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་བུ་ཆུང་གཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། །​འདི་ལྟར་གཅད་པར་བྱ་སྟེ། ཇེ་དང་པོར་མཚམས་ཆེན་པོ་དགྲོལ་བར་བྱའོ། །​འདི་ལྟར་དགྲོལ་བར་བྱ་སྟེ། གནས་མལ་བཤམ་པར་བྱས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1863#UT22084-001-002-1863