གསུང་ཤིག །​གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །​དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་། གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །​དགེ་འདུན་གྱིས་གང་དུ་མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ། གསོ་སྦྱོང་བྱ་ཞིང་དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱའོ། །​མི་མཐུན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །​དགེ་སློང་རྣམས་ཆོས་གོས་གསུམ་ཐོགས་ཏེ་ཉིན་མོ་སྤྱོད་དུ་འདོང་བ་ན་སྐྱོ་བར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ། །​འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་པ་བྱས་ཏེ་ལས་བྱའོ། །​དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་པ་ལས། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དག་དང་བྲལ་བར་མི་འགྱུར་བའི་གནང་བ་སྩོལ་ཏོ། །​འདི་ནི་གསོལ་བའོ། །​ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདིར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-2/UT22084-001-002-1862#UT22084-001-002-1862