རེག་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་དེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་ལྟ་བར་གནས་པ་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པས་རེག་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ།​། །​།བམ་པོ་བཞི་པ། ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ལུས་དང་རེག་པ་ལ་བརྟེན་ནས། ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་སྐྱེ་བ་ན་ནང་གི་ལུས་ལས་ཀྱང་མ་བྱུང་། ཕྱི་རོལ་གྱི་རེག་པ་ལས་ཀྱང་མ་འོངས་བར་དུ་རྣམ་པར་བཟུང་སྟེ་ཡང་མི་གནས་མོད་ཀྱི། འོན་ཀྱང་ཚོགས་པའི་དབང་གིས་སྐྱེ་ཞིང་འོང་བ་མེད་ལ། འགྲོ་བ་མེད་པ་དང་། སྟོང་ཞིང་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། །​རྒྱུ་གང་དང་རྐྱེན་གང་དག་གིས་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་ལྟ་བར་གནས་པ་ནས། དེ་བཞིན་དུ་སྦྱར་ཏེ་ཕྱིར་རྒོལ་བར་རྗེས་སུ་ལྟ་བར་གནས་པའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2620#UT22084-047-001-2620