བྱ་བ་ལ་བརྩོན་པར་བྱའོ། །​མཽད་གལ་གྱི་བུ་ངས་མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །​མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་ལྷའི་ཟླ་བ་ཞེས་བྱ་བ་འབའ་ཞིག་ཁོ་ནས་འཛམ་བུའི་གླིང་གི་དབང་ཕྱུག་གིས་དབང་བྱེད་པ། ཆོས་ཀྱི་བདག་པོ་ཆོས་དང་ལྡན་པ། ཆོས་ཀྱིས་མི་འཐུན་པ་མེད་པར་རྒྱལ་སྲིད་བྱེད་པ་ཞིག་བྱུང་ངོ་། །​བུ་ཡང་སྟོང་ཐམ་པ་ཡོད་དེ། དཔའ་ཞིང་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་དག་བྱུང་ངོ་། །​དེའི་ཚེ་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ཞིག་བྱུང་ངོ་། །​དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་དེ་བྱང་ཆུབ་སེམས་དཔའི་ཐེག་པ་ཡང་དག་པར་རབ་ཏུ་སྟོན་ཏེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་མི་སྟོན་ཏོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་བཞིན་གཤེགས་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་འཛིན་དུ་བཙུད་དེ། སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་སོ། །​དེ་བཞིན་གཤེགས་པ་དེས་དེ་དག་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཉིད་བསྟན་ཏེ། སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ངེས་པར་བྱུང་ངོ་། །​དེའི་ཚེ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཞེས་བྱ་བ་ཚོགས་དེ་ཐམས་ཅད་ཀྱི་གཙོ་བོ་བྱེད་པ་ཞིག་བྱུང་ངོ་། །​དེའི་ཚེ་དེ་བཞིན་གཤེགས་པ་དེའི་བདུད་ཤུགས་འཆང་ཞེས་བྱ་བ་གང་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་གི་བར་ཆད་བྱེད་པར་ཉེ་བར་གནས་པ་ཞིག་བྱུང་ངོ་། །​དེ་བྱང་ཆུབ་སེམས་དཔའ་དེ་དག་གི་ཐམས་ཅད་མཁྱེན་པ་ཉིད་དང་ཡང་དག་པར་ལྡན་པའི་གཏམ་ཟེར་རོ། །​དེ་ནས་བདུད་ཤུགས་འཆང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་འདིས་ཡུན་མི་རིང་བར་བདག་གི་ཡུལ་སྟོངས་པར་འགྱུར་ཏེ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2990#UT22084-047-001-2990