འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་སྐྱེའོ། །​འདི་ལྟར་ཞུགས་པ་ནི་ལྷར་སྐྱེའོ། །​འདི་ནི་མིར་སྐྱེའོ། །​ཞེས་ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་སྐྱེད་ནས། ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་རྒྱུ་གང་དང་རྐྱེན་གང་དག་གིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​དེ་ནི་ཙན་དན་གྱི་ཁྱམས་དང་། ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་རྒྱུ་གང་དང་རྐྱེན་གང་དག་གིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པའི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ཐམས་ཅད་དུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2587#UT22084-047-001-2587