འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐའ་ཡས་གཟིགས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེའི་ཉན་ཐོས་ཀྱི་དགེ་འདུན་ཐེར་འབུམ་ཕྲག་བདུན་བྱུང་ངོ་། །​དེ་ཉན་ཐོས་ཀྱི་དགེ་འདུན་དེའི་ནང་དུ་བཞུགས་ནས་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ལས་བརྩམས་ཏེ། ལམ་འདིས་ད་ལྟར་བྱུང་བའི་ཚུལ་ཡོངས་སུ་ཤེས་པར་བྱའོ་ཞེས་ཆོས་སྟོན་ཏོ། །​དེའི་ཚེ་རྒྱལ་རིགས་ས་གའི་བཤེས་གཉེན་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེའི་འཁོར་ཉིད་དུ་འདུས་ཏེ་འདུག་པར་གྱུར་ནས། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་ལྟར་བྱུང་བ་མཁྱེན་པ་འགོག་པར་འགྱུར་བའི་ལམ་ལས་བརྩམས་ནས་གང་འདི་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་དང་། ཉོན་མོངས་པ་སྣ་ཚོགས་དག་སྤྱོད་པ་ལ་ལམ་གྱི་ཁྱད་པར་གྱི་ཆོས་སྟོན་པ་ཐོས་པར་འཚལ་ལོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེས་རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ས་གའི་བཤེས་གཉེན་ཁྱོད་འདི་ལྟར་ཡུན་རིང་པོར་ཆོས་ཟབ་མོ་སྤྱད་ཟབ་མོའི་ཚུལ་ལ་རབ་ཏུ་གནས་ཤིང་སྔོན་གྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ཏེ། སྐྱེ་བོའི་ཚོགས་མང་པོའི་དོན་དུ་བསམས་ནས། ཟབ་མོ་དེ་དག་ཞུ་བ་ཞུས་པ་དེ་ལེགས་སོ་ལེགས་སོ། །​ས་གའི་བཤེས་གཉེན་དེའི་ཕྱིར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །​རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ས་གའི་བཤེས་གཉེན་སེམས་ཅན་དག་གཟུགས་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི་མི་གཙང་བའོ། །​སེམས་ཅན་དག་སྒྲ་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི་མི་རྟག་པའི་འདུ་ཤེས་སོ། །​དེ་བཞིན་དུ་སེམས་ཅན་དག་དྲི་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི་སྟོང་པ་ཉིད་དོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2822#UT22084-047-001-2822