བྱད་བདེ་བ་ཉམས་སུ་མྱོང་ཞིང་མཁས་པ་རྣམས་ཀྱིས་ཀྱང་བསྟོད་པ་ཡིན་ལ། ཕྱི་མ་ལ་ཡང་དེའི་འདོད་པ་དང་། སྡུག་པ་དང་། ཡིད་དུ་འོང་བར་འགྱུར་བ་ཡིན་ཏེ། ཡང་དག་པར་ལེན་པའི་ལས་འདི་ནི། ཚེ་འདི་ལ་ཡང་བདེ་ལ། ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་ཡིན་ནོ། །​དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མཁས་པ་གང་ཡིན་པ་འདི་ནི་ཡང་དག་པར་ལེན་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ཡང་དག་པར་ལེན་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཆོས་ཡང་དག་པར་ལེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་རྒྱུ་གང་དང་རྐྱེན་གང་དག་གིས་ཡང་དག་པར་ལེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ཡང་དག་པར་ལེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཡང་དག་པར་ལེན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2578#UT22084-047-001-2578