ཁྲི་སྟན་ལྔ་བརྒྱ་དེ་དག་གི་དབུས་སུ་བཅོམ་ལྡན་འདས་ཀྱི་གདན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདན་བཤམས་ཏེ། ཀླུའི་རས་བཅོས་བུས་གཡོགས་སོ། །​དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་ཀླུའི་བུ་མོའི་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ངོ་། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཟན་ཟོས་ཤིང་ལྷུང་བཟེད་དང་ལག་པ་བཀྲུས་པར་ཐུགས་སུ་ཆུད་ནས་བཀའ་སྩལ་པ། མཽད་གལ་གྱི་བུ་སོང་ལ་གནས་བརྟན་ཤཱ་རིའི་བུ་ཁྱོད་ལ་སྟོན་པ་འབོད་དོ་ཞེས་སྨྲོས་ཤིག །​བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་རྐྱོང་བའམ། བརྐྱང་བ་སྐུམ་པ་དེ་བཞིན་དུ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མ་དྲོས་པའི་མཚོ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་ན་འདུག་གོ། །​དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་སྣམ་སྦྱར་འདྲུབ་པར་གྱུར་ཏོ། །​དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ལྷན་ཅིག་ཏུ་ཡང་དག་པར་དགའ་བའི་གཏམ་དང་གཏམ་སྙན་པ་རྣམ་པ་མང་པོ་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​སྟོན་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱོད་ལ་འབོད་དེ། སྟོན་པ་ཁྱོད་ལ་མངོན་པར་དགྱེས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཚུར་ཤོག །​སྟོན་པ་ཁྱོད་ལ་གསུང་གིས་འདོང་ངོ་། །​དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རེ་ཤིག་སྣམ་སྦྱར་འདི་འཚེམ་མོ། །​དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སོར་མོ་ལྔ་ཁབ་ལྔར་མངོན་པར་སྤྲུལ་ནས་སྣམ་སྦྱར་དེ་བཙེམས་སོ། །​དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་མཽད་གལ་གྱི་བུ་འདི་ཅི་བྱེད་སྨྲས་པ། སྣམ་སྦྱར་བཙེམ་པར་བྱ་བ་འདི་མྱུར་དུ་བཙེམ་པར་བྱའོ། །​སྨྲས་པ། དྲུབ་པ་དང་ཟིན་པ་ཉིད་དུ་གྱིས་ཤིག །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2781#UT22084-047-001-2781