དེ་ལ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། རྨི་ལམ་ན་རྒྱལ་པོའི་བུ་གཞོན་ནུ་དབང་བསྐུར་བའི་ཡོ་བྱད་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་འགོག་པ་ཤེས་པ་འགོག་པ་ཤེས་པ་ཇི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། རྨི་ལམ་ན་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་བུ་གཞོན་ནུ་དང་བྲལ་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་རྨི་ལམ་ན་དབང་བསྐུར་བ་གྲུབ་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བགད་པ་དང་། དགའ་བ་དང་། རྩེས་པ་དང་། ཡོངས་སུ་སྤྱད་པ་དག་རྗེས་སུ་དྲན་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བྲོ་མཁན་འདུས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2752#UT22084-047-001-2752