དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཚིག་ལ་སྤྱོད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཚིག་འགལ་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཀུན་རྗོད་པ་ཐོབ་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྒྱུ་མ་ཤེས་པའི་དཔུང་གི་སྦྱོར་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྒྱུ་མ་ཀུན་ཏུ་སྤྱོད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ། མིང་ཙམ་གྱི་བར་དུའོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྒྱུ་མ་ཞིག་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2745#UT22084-047-001-2745