བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱམས་པ་བསྒོམ་པར་མཛད་དེ། ངས་སེམས་ཅན་འདི་དག་གི་སྐྱེ་བའི་འཇིགས་པ་ལས་བསྐྱབ་པར་བྱ། རྒ་བའི་འཇིགས་པ་དང་། ནད་ཀྱི་འཇིགས་པ་དང་། འཆི་བའི་འཇིགས་པ་ལས་བསྐྱབ་པར་བྱ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར། བྱམས་པ་བསྒོམ་པ་འདི་ནི་དེ་བཞིན་གཤེགས་པའི་གནས་པ་དང་པོའོ། །​ཀྱེ་ཨེ་མ་སེམས་ཅན་འདི་དག་ནི་སྡུག་བསྔལ་བ་སྟེ། དེ་དག་གི་སྡུག་བསྔལ་བསལ་བའི་དོན་དུ་ཆོས་བསྟན་པར་བྱའོ། །​གཞན་མ་ཡིན་པ་འཕགས་པའི་ལམ་གྱིས་ཐར་བར་བྱའོ། །​ཞེས་ཐུགས་རྗེ་བསྐྱེད་པར་མཛད་དོ། །​གཞན་མ་ཡིན་པའི་ལམ་འདི་ནི་དེ་བཞིན་དུ་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱེད་པའོ་ཞེས་དགྱེས་པ་བསྐྱེད་པར་མཛད་དོ། །​དགྱེས་པ་དེ་སྡུག་བསྔལ་ཐམས་ཅད་ལས་བཏང་སྙོམས་སུ་མཛད་ཅིང་། སེམས་པ་མེད་པའི་བཏང་སྙོམས་བསྐྱེད་པར་མཛད་དེ། འདི་དག་ནི་དེ་བཞིན་གཤེགས་པའི་གནས་པ་བཞི་པའོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་དཔག་ཏུ་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྒྲུབ་པ་ལ་དོན་དུ་གཉེར་བ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དང་བའི་སེམས་དང་། རྙོག་པ་མེད་པའི་སེམས་དང་། དཀྲུགས་པ་མེད་པའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2724#UT22084-047-001-2724