པའི་ཡང་དེ་བཞིན་ནོ། །​ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་མངོན་པར་འགྲུབ་པ་གང་ཡིན་པ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །​ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་ཡང་དེ་བཞིན་ནོ། །​ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་གང་ཡིན་པ་དང་། དེ་བཞིན་དུ་ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །​ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་གིས་བསམས་བཞིན་དུ་མ་སྲོག་དང་ཕྲལ་བ་དང་། དེ་བཞིན་དུ་ཕ་དང་། དེ་བཞིན་དུ་དགྲ་བཅོམ་པ་དང་། དེ་བཞིན་དུ་དགེ་འདུན་ཕྱེ་བ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་གང་ཡིན་པ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །​ལྟ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་གང་ཟག་གིས་སྟོན་པ་གཞན་རྣམ་པར་བསྟན་པ་དང་། དེ་བཞིན་དུ་འདི་ལས་ཕྱི་རོལ་པ་གཞན་གྱིས་ཡང་དག་པའི་ལྟ་བ་འཆའ་ཞིང་བཅས་པ་དང་། སྦྱངས་པ་གཞན་ཡང་དག་པར་ལེན་དུ་འཇུག་པ་དང་། དགེ་སྦྱོང་དང་བྲམ་ཟེ་གང་ཡང་རུང་བ་ལ་ལ་དག་གིས་དགེ་མཚན་དང་། བཀྲ་ཤིས་མང་པོ་སོ་སོའི་བདེན་པ་དེ་དག་གིས་དག་པར་འདོད་པ་དང་། དགེ་སྦྱོང་དང་བྲམ་ཟེ་གཞན་དག་གིས་བཤད་པ་ལ་ཕྱོགས་ཤིང་། ཚེ་དང་ལྡན་པ་ཤེས་པར་བྱ་བ་འདི་ནི་ཤེས་པར་བྱ། བལྟ་བར་བྱ་བ་འདི་ནི་མཐོང་བར་བྱ་བ་གང་ཡིན་པ་ཡང་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །​ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་གིས་མིའི་སྲིད་པ་བརྒྱད་མངོན་པར་འགྲུབ་པ་གང་ཡིན་པ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །​བུད་མེད་བདག་གི་དངོས་པོ་དེ་ཉིད་ཀྱིས་བརྒྱ་བྱིན་ནམ། བདུད་དམ། ཚངས་པ་བསྒྲུབ་པ་གང་ཡིན་པ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །​བུད་མེད་བདག་གི་དངོས་པོ་དེ་ཉིད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་གང་ཡིན་པ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །​བུད་མེད་བདག་གི་དངོས་པོ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2568#UT22084-047-001-2568