ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སོ་སོ་ཡང་དག་པར་ལྡན་པ་དེ་དག་ཐམས་ཅད་རབ་ཏུ་མཁྱེན། དེ་བཞིན་གཤེགས་པས་འདས་པའི་དུས་སུ་འཁོར་བ་གང་དག་ལ་གནས་ནས། གང་དུ་སངས་རྒྱས་བཅོམ་ལྡན་འདས་ངེས་པར་གནས་པ་དེ་དག་ལ་བསྙེན་བཀུར་བྱས་ཤིང་། ཡོངས་སུ་ཞུས་ནས་མཁྱེན་པ་གང་དག་བསྒྲུབས་པ་འདི་ལྟ་སྟེ། ཐབས་ལ་མཁས་པ་དང་། བཟོའི་ཤེས་པ་དང་། སྙོམས་པར་འཇུག་པའི་ཤེས་པ་བསྒྲུབས་པ་དེ་དང་དེ་དག་ཐམས་ཅད་རབ་ཏུ་མཁྱེན་ཏོ། །​ཟག་པ་ཟད་པ་ཤེས་པ་མ་གཏོགས་པར་བཟོའམ། བཟོ་ཤེས་པའམ། ལས་སམ། ལས་ཤེས་པ་གང་དག་དེ་བཞིན་གཤེགས་པས་སྔོན་མ་བསྐྱེད་པ་མེད་དེ། སྔོན་མངོན་པར་འདུས་མ་བྱས་པ་གང་ཡང་མེད་དོ། །​དེ་ལྟ་བས་ན་འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཕྱི་མའི་མཐའ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་མ་འོངས་པའི་བསྐལ་པའི་སངས་རྒྱས་རྣམས་དང་། སེམས་ཅན་རྣམས་ཀྱི་མིང་དུ་བཏགས་པ་རབ་ཏུ་མཁྱེན། རྒྱུ་གང་དང་རྐྱེན་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སེམས་ཅན་དེ་རྣམས་ཀྱི་མིང་དུ་བཏགས་པར་འགྱུར་བ་དེ་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ཕྱི་མའི་མཐའ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2717#UT22084-047-001-2717