ལྟར་ན་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་སྔོན་གྱི་བསྐལ་པ་རབ་ཏུ་མཁྱེན་ཏེ། བསྐལ་པ་གང་མིང་དུ་བཏགས་པར་གྱུར་པ་དེ། རྐྱེན་གང་དག་གིས་མིང་དུ་བཏགས་ནས་ཡང་དག་པར་གནས་པའི་བསྐལ་པ་དེ་དག་ནི་འདི་ལྟ་སྟེ། དཔེར་ན། བསྐལ་པ་བཟང་པོ་འདིའི་མིང་བསྐལ་པས་པད་མ་སྟོང་མཐོང་ཞེས་བཏགས་པ་དེ་བཞིན་དུ་བསྐལ་པ་དེ་དག་གི་སོ་སོ་རབ་ཏུ་མཁྱེན། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་བཙུན་པར་བཏགས་པ་ཡང་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། འདིར་ཤཱཀྱའི་རིགས་ལས་ཐུབ་པ་འཁྲུངས་པ་ལ། ཤཱཀྱ་ཐུབ་པ་ཞེས་མཚན་བཏགས་པ་དེ་བཞིན་དུ། དེ་བཞིན་གཤེགས་པས་བསྐལ་པ་དེ་དག་དང་། སངས་རྒྱས་དེ་དག་གི་མཚན་བཏགས་པ་རབ་ཏུ་མཁྱེན། དེ་བཞིན་གཤེགས་པས་དེར་ཡང་སེམས་ཅན་ཐམས་ཅད་ཀྱི་མིང་དུ་བཏགས་པ་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་སྔོན་གྱི་མཐའ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པ་སྔོན་གྱི་གནས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་རབ་ཏུ་མཁྱེན་ཏེ། གང་དུ་བདག་ཡུན་རིང་པོར་གནས་ཤིང་། དེ་ནས་ཀྱང་སྔོན་གྱི་གནས་གང་ལ་ཕྱིར་ཞིང་གནས་པ། གལ་ཏེ་སེམས་ཅན་དམྱལ་བར་རམ། གལ་ཏེ་དུད་འགྲོའི་སྐྱེ་གནས་སུའམ། གལ་ཏེ་གཤིན་རྗེའི་འཇིག་རྟེན་དུའམ། གལ་ཏེ་མིར་རམ། གལ་ཏེ་ལྷར་རམ། གལ་ཏེ་ཡི་དགས་སུའམ། གལ་ཏེ་སེང་གེར་རམ། གལ་ཏེ་སྟག་ཏུའམ། གལ་ཏེ་གཟིག་ཏུའམ། གལ་ཏེ་ནམ་མཁའ་ལ་རྒྱུ་བར་རམ། གལ་ཏེ་བྱའི་ཚོགས་སུའམ། གལ་ཏེ་སྦྲུལ་གདུག་པའི་ཚོགས་སུའམ། གལ་ཏེ་སྦྲུལ་གྱི་ཚོགས་སུའམ། གལ་ཏེ་སྲེ་མོའི་ཚོགས་སུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2715#UT22084-047-001-2715