པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདོད་པ་ལ་འདུན་པའི་གཉེན་པོ་ནི་མི་གཙང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནོད་སེམས་ཀྱི་གཉེན་པོ་ནི་བྱམས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྨུགས་པ་དང་གཉིད་ཀྱི་གཉེན་པོ་ནི་བརྩོན་འགྲུས་རྩོམ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྒོད་པའི་གཉེན་པོ་ནི་ཞི་གནས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། འགྱོད་པའི་གཉེན་པོ་ནི་ཤེས་རབ་ཚོལ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཐེ་ཙོམ་གྱི་གཉེན་པོ་ནི་ཆོས་རྣམས་ལ་རྣམ་པར་ངེས་པ་ཁོང་དུ་ཆུད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། མི་དགའ་བའི་གཉེན་པོ་ནི་ཕན་ཡོན་སྟོན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། དགའ་བའི་གཉེན་པོ་ནི་བདག་བསྡུས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གླལ་བའི་གཉེན་པོ་ནི་བརྩོན་འགྲུས་རྩོམ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། བཟའ་བ་མ་བསྡམས་པའི་གཉེན་པོ་ནི་ཟས་ལ་མི་འཐུན་པའི་འདུ་ཤེས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཀུན་ནས་ཉོན་མོངས་པའི་གཉེན་པོ་ནི་སེམས་རབ་ཏུ་བསྡུས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། འདུ་ཤེས་སྣ་ཚོགས་ཀྱི་གཉེན་པོ་ནི་མཚན་མ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཡིད་ལ་མི་བྱེད་པའི་གཉེན་པོ་ནི་ཆོས་རྣམས་ལ་དོན་དུ་བྱེད་པ་ཉིད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ལུས་ཀྱི་གནས་ངན་ལེན་གྱི་གཉེན་པོ་ནི་སྡོམ་པའི་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཆགས་པའི་གཉེན་པོ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། མུ་སྟེགས་ཀྱི་ཤེས་པ་ཉིད་དག་ལ་ཆགས་པའི་གཉེན་པོ་ནི་མི་འཐུན་པའི་འདུ་ཤེས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2713#UT22084-047-001-2713