ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་བརྒྱད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །​ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །​གཙང་བ་ཉིད་ལ་མོས་པ་འདི་ནི་རྣམ་པར་ཐར་བ་གསུམ་པ་ཡིན་ནོ། །​ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་རྣམ་པར་ཐར་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་རྣམ་པར་ཐར་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་རྣམ་པར་ཐར་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་རྣམ་པར་ཐར་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་རྣམ་པར་ཐར་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཤུགས་ལྡན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་རྒྱུན་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2709#UT22084-047-001-2709