དེའི་སྤོབས་པ་ཟད་མི་ཤེས་སོ། །​ཁྱིམ་བདག་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་པར་མཛད་དེ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་ཞུ་བ་ཞུས་པའི་སྤོབས་པ་མི་ཟད་དོ། །​དེ་ལྟ་བས་ན་འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་། དོན་མ་ཡིན་པ་ཟློག་ལ་སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱས་ནས་བདེ་བ་ལ་བཙུད་པ་ནི་གནས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཚོགས་པ་བྲལ་བས་འགགས་ཤིང་ཚོགས་པ་སྦྱོར་བས་གནས་ཤེས་པ་སྐྱེས་ལ་དེ་ཡང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ཏེ། ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །​ཁྱིམ་བདག་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་དེ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་གནས་ཤེས་པ་འགོག་པ་ཤེས་པ་ལ་ཞུ་བ་ཞུས་པའི་སྤོབས་པ་མི་ཟད་དོ། །​དེ་ལྟ་བས་ན་འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2566#UT22084-047-001-2566