པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་ཤེས་པ་གང་དག་གིས་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དྲན་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་མངོན་པར་བརྗོད་པའི་མཚན་ཉིད་ནི་དྲན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དྲན་པ་སོ་སོ་ཉེ་བར་གཞག་པ་ནི་དྲན་པའི་དབང་པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​ཐམས་ཅད་དུ་འགྲོ་བ་ནི་དྲན་པའི་དབང་པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་དྲན་པའི་དབང་པོ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དྲན་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞི་གཤེགས་པས་རྒྱུ་གང་དང་རྐྱེན་གང་དག་གིས་དྲན་པའི་དབང་པོ་སྐྱེ་བའི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་སྔོན་གྱི་མཐའ་རྗེས་སུ་དྲན་པའམ། གལ་ཏེ་ཕྱི་མའི་མཐའ་ལས་བརྩམས་པའམ། གལ་ཏེ་ད་ལྟར་བྱུང་བའི་དུས་ལས་བརྩམས་པའམ། གལ་ཏེ་ལུས་ལ་དམིགས་པའམ། གལ་ཏེ་ཚོར་བ་ལ་དམིགས་པའམ། གལ་ཏེ་སེམས་ལ་དམིགས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2686#UT22084-047-001-2686