འདི་ན་སོ་སོའི་སྐྱེ་བོ་ལ་ལས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་གང་ཡིན་པ་ཡང་གནས་ཡིན་ཞིང་སྐབས་ཡིན་ནོ། །​འདི་ན་སོ་སོའི་སྐྱེ་བོ་ལ་ལས་སྟོན་པ་གཞན་གྱིས་བསྟན་པ་དང་། འདི་ལས་ཕྱི་རོལ་པ་གཞན་གྱི་ཡང་དག་པའི་ལྟ་བ་འཆའ་ཞིང་བཅས་པ་དང་། སྦྱངས་པ་གཞན་ཡང་དག་པར་ལེན་དུ་འཇུག་པ་དང་། དགེ་སྦྱོང་དང་བྲམ་ཟེ་གང་ཡང་རུང་བ་ལ་ལ་དག་གི་དགེ་མཚན་དང་། བཀྲ་ཤིས་མང་པོ་སོ་སོའི་བདེན་པ་དེ་དག་གིས་དག་པ་ཡོངས་སུ་ཚོལ་བ་དང་། དགེ་སྦྱོང་དང་བྲམ་ཟེ་གཞན་དག་གིས་བཤད་པ་ལ་ཕྱོགས་ཤིང་། ཚེ་དང་ལྡན་པ་ཤེས་པར་བྱ་བ་འདི་ནི་ཤེས་པར་བྱ། བལྟ་བར་བྱ་བ་འདི་ནི་མཐོང་བར་བྱ་བ་གང་ཡིན་པ་ཡང་གནས་ཡིན་ཞིང་སྐབས་ཡིན་ནོ། །​འདི་ན་སོ་སོའི་སྐྱེ་བོ་ལ་ལ་མིའི་སྲིད་པ་བརྒྱད་མངོན་པར་འགྲུབ་པ་གང་ཡིན་པ་ཡང་གནས་ཡིན་ཞིང་སྐབས་ཡིན་ནོ། །​འདི་ན་སྐྱེས་བུ་གང་ཟག་ལ་ལ་ཚངས་པ་ཉིད་སྒྲུབ་པའམ། བདུད་དམ་བྲམ་ཟེ་བསྒྲུབ་པ་གང་ཡིན་པ་ཡང་གནས་ཡིན་ཞིང་སྐབས་ཡིན་ནོ། །​འདི་ན་སྐྱེས་བུ་གང་ཟག་ལ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་གང་ཡིན་པ་ཡང་གནས་ཡིན་ཞིང་སྐབས་ཡིན་ནོ། །​འདི་ན་སྐྱེས་བུ་གང་ཟག་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་གང་ཡིན་པ་ཡང་གནས་ཡིན་ཞིང་སྐབས་ཡིན་ནོ། །​འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་གཅིག་བྱུང་བ་གང་ཡིན་པ་ཡང་གནས་ཡིན་ཞིང་སྐབས་ཡིན་ནོ། །​ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་གནས་ཤེས་པ་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་གནས་ཐོབ་པའི་གང་ཟག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཟག་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་ཡིན་ནོ། །​གང་ཟག་འདི་ནི་རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་ཡིན་ནོ། །​གང་ཟག་འདི་ནི་ཉན་ཐོས་ཀྱི་ཆོས་རྣམས་ཀྱི་སྣོད་ཡིན་ནོ། །​ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་གནས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་གནས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་སྟེ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་འམ། བསྐལ་པ་བྱེ་བ་འམ། བསྐལ་པ་ས་ཡ་འམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99/UT22084-047-001-2563#UT22084-047-001-2563