སྐད་ཅིག་གིས་སྐད་ཐམས་ཅད་སྒྲོགས་པ་དང་། བསམ་པ་ཐམས་ཅད་ཤེས་པར་བྱེད་པ་དང་། བདེ་བ་ཐམས་ཅད་སྐྱེད་པ་དང་། ཐར་པའི་ལམ་ཡང་དག་པར་སྟོན་པ་དང་། ལམ་གྱི་ཚོགས་སྨྲ་བ་དང་། འཁོར་ལས་མི་འདའ་བ་དང་། འཁོར་ཐམས་ཅད་ཚིམ་པར་བྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་འཐུན་པ་སྟེ། བྱང་ཆུབ་སེམས་དཔས་དེ་ལྟ་བུའི་ཚིག་གིས་རྩྭ་འཚོང་བཀྲ་ཤིས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། །​དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །​དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །​བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །​གང་གི་ཆེད་དུ་ང་ཡིས་བསྐལ་སྟོང་དུ། །​སྦྱིན་དང་དུལ་དང་སྡོམ་དང་གཏོང་བྱས་དང་། །​ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་རབ་སྤྱད་པ། །​དེ་ནི་དེ་རིང་ང་ཡིས་ཐོབ་པར་འགྱུར། །​བཟོད་པའི་སྟོབས་དང་དེ་བཞིན་བརྩོན་འགྲུས་སྟོབས། །​བསམ་གཏན་སྟོབས་དང་དེ་བཞིན་ཤེས་རབ་སྟོབས། །​བསོད་ནམས་དང་ནི་མངོན་ཤེས་རྣམ་ཐར་སྟོབས། །​དེ་ནི་དེ་རིང་ང་ལ་འགྲུབ་པར་འགྱུར། །​ཤེས་རབ་སྟོབས་དང་ཐབས་ཀྱི་སྟོབས་དག་དང་། །​རྫུ་འཕྲུལ་དང་ནི་ཆགས་མེད་བྱམས་པའི་སྟོབས། །​སོ་སོ་ཡང་དག་རིག་དང་བདེན་པའི་སྟོབས། །​དེ་ནི་དེ་རིང་ང་ལ་འགྲུབ་པར་འགྱུར། །​དེ་རིང་ང་ལ་རྩྭ་སྦྱིན་བྱས་ན་ནི། །​ཁྱོད་ལ་བསོད་ནམས་སྟོབས་ནི་མཐའ་ཡས་ཏེ། །​དེ་ནི་ཁྱོད་ཀྱི་ངན་པའི་རྒྱུར་མི་འགྱུར། །​ཁྱོད་ཀྱང་སྟོན་པ་བླ་ན་མེད་པར་འགྱུར། །​བཀྲ་ཤིས་པས་ནི་འདྲེན་པའི་ཚིག་སྙན་རབ་ཏུ་མཛེས་ཐོས་ནས། །​དགའ་ཞིང་མགུ་ལ་ཡིད་རངས་རབ་ཏུ་དགའ་བའི་ཡིད་ཀྱིས་ནི། །​རྩྭ་འཇམ་གཞོན་ཞིང་བཟང་ལ་རེག་པར་ལྡན་པ་སྤར་གང་ཐོགས། །​མདུན་དུ་འདུག་ནས་རབ་ཏུ་དགའ་བའི་སེམས་ཀྱིས་འདི་སྐད་སྨྲས། །​གལ་ཏེ་རྩྭ་ཡིས་བྱང་ཆུབ་གོ་འཕང་དམ་པ་འཆི་མེད་པ། །​མཆོག་གྱུར་ཞི་བ་བལྟ་དཀའ་སྔོན་གྱི་རྒྱལ་བའི་ལམ་འཐོབ་ན། །​ཡོན་ཏན་ཆེན་པོའི་རྒྱ་མཚོ་གྲགས་པ་དཔག་མེད་ཁྱོད་བཞེས་ཤིག །​བདག་གིས་གོ་འཕང་དམ་པ་འཆི་མེད་ཐོག་མར་འཚང་རྒྱར་བགྱི། །​བྱང་ཆུབ་སེམས་དཔས་སྨྲས་པ། བརྟུལ་ཞུགས་དཀའ་ཐུབ་རྣམ་མང་བྱ་དཀའ་བསྐལ་མང་མ་སྤྱད་པར། །​བཀྲ་ཤིས་རྩྭ་མཆོག་བཏིང་བས་བྱང་ཆུབ་འདི་ནི་འཐོབ་མི་འགྱུར། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh95/UT22084-046-001-4342#UT22084-046-001-4342