ཤཱཀྱ་ལག་ན་བེ་ཅོན་ཅན་གྱིས་རང་གི་བུ་མོ་ས་འཚོ་མ། བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །​རྒྱལ་པོ་ཟས་གཙང་མས་ཀྱང་། དེ་རིམ་གྱིས་བག་མར་བླངས་ཏེ་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །​དེ་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་དང་འཐུན་པ་ཙམ་དུ་བྱ་བའི་ཕྱིར་བུད་མེད་བརྒྱད་ཁྲི་བཞི་སྟོང་གི་ནང་དུ་འདུག་སྟེ། དགའ་ཞིང་རྩེ་ལ་ཡོངས་སུ་སྤྱོད་པ་སྟོན་ཏོ། །​བུད་མེད་བརྒྱད་ཁྲི་བཞི་སྟོང་དེ་དག་ཐམས་ཅད་ཀྱི་ནང་ན། ཤཱཀྱའི་བུ་མོ་ས་འཚོ་མ་བཙུན་མོའི་མཆོག་ཏུ་དབང་བསྐུར་བར་གྱུར་ཏོ། །​དེ་ན་ཤཱཀྱའི་བུ་མོ་ས་འཚོ་མ་གྱོས་སྒྱུག་གམ་ནང་མི་གང་མཐོང་ཡང་རུང་སྟེ། གདོང་མི་སྦེད་དོ། །​དེ་དག་ཀྱང་དེ་ལ་བག་སར་མོ་ནི་ཞུམ་ཞུམ་པོར་འདུག་པའི་རིགས་ན། འདི་ནི་རྟག་ཏུ་མ་གཡོགས་སོ་ཞེས་འཕྱ་སྨོད་ཅིང་མི་སྙན་པར་ཟེར་རོ། །​དེའི་ཚེ་ཤཱཀྱའི་བུ་མོ་ས་འཚོ་མས་གཏམ་དེ་ཐོས་ནས་ནང་མི་རྣམས་ཀྱི་མདུན་དུ་འདུག་སྟེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །​འདུག་དང་འགྲེང་དང་འཆག་པ་ལ། །​འཕགས་པ་དག་ནི་མ་གཡོགས་མཛེས། །​ནོར་བུ་རིན་ཆེན་འོད་གསལ་བ། །​རྒྱལ་མཚན་རྩེ་མོར་གསལ་ན་མཛེས། །​འཕགས་པ་འགྲོ་ནའང་མཛེས་པ་སྟེ། །​འོང་ནའང་དེ་བཞིན་མཛེས་པ་ཡིན། །​འགྲེང་བ་འམ་དེ་བཞིན་འདུག་པ་དང་། །​ཐམས་ཅད་དུ་ཡང་འཕགས་པ་མཛེས། །​འཕགས་པ་སྨྲ་ནའང་མཛེས་པ་སྟེ། །​མི་སྨྲར་འདུག་ཀྱང་དེ་བཞིན་མཛེས། །​དཔེར་ན་ཀ་ལ་པིང་ཀ་ནི། །​མཐོང་དང་སྒྲ་ཐོས་དེ་བཞིན་ནོ། །​ཀུ་ཤའི་གོས་ནི་གྱོན་པ་དང་། །​གོས་ངན་གྱོན་དང་ལུས་རིད་པ། །དེ་ནི་རང་གི་གཟི་ཡིས་མཛེས། །​ཡོན་ཏན་ལྡན་པ་ཡོན་ཏན་བརྒྱན། །​གང་ལ་སྡིག་པ་མེད་གྱུར་པ། །​འཕགས་པ་ཀུན་ཏུ་དགེ་བ་ཡིན། །​བྱིས་པ་སྡིག་པ་བྱེད་པ་ནི། །​ཇི་སྙེད་བརྒྱན་ཀྱང་མཛེས་མ་ཡིན། །​གང་དག་སྙིང་ལ་སྡིག་པ་ཡོད་ཅིང་ཚིག་འཇམ་པ། །​དེ་དག་དུག་གི་བུམ་པར་བདུད་རྩི་བླུགས་པ་བཞིན། །​བྲག་གི་སེར་ག་རྩུབ་པ་ལྟ་བུར་ནང་ཡང་རྩུབ། །​དེ་འདྲ་དེ་དག་སྦྲུལ་གྱི་ཁ་ལ་ཉུག་པ་བཞིན། །​དེས་པ་དེ་དག་གན་དུ་ཀུན་འོང་ཀུན་ཕྱག་འཚལ། །​འབབ་སྟེགས་ཐམས་ཅད་ལྟ་བུར་འགྲོ་བ་ཀུན་གྱི་གསོས། །​འཕགས་པ་དག་ནི་རྟག་ཏུ་འོ་ཞོས་བཀང་བུམ་འདྲ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh95/UT22084-046-001-4221#UT22084-046-001-4221