ཚེ་ཉམས་དང་། །​ཕུན་སུམ་ཚོགས་མིན་གང་ཆགས་དང་། །​ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །​མཛའ་སྡུག་སྐྱེ་བོ་སྡང་བ་དང་། །​བྲན་བཟའ་ལ་སོགས་གཙེས་པ་དང་། །​ཕན་ཚུན་མཐུན་པ་མ་ཡིན་དང་། །​ནོར་འགྲིབས་པས་ནི་གནོད་པ་དང་། །​མྱ་ངན་ངལ་ལས་གནོད་པ་དང་། །​འཇིགས་པ་དང་ནི་འཕོངས་པ་དང་། །​གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །​མི་བཟད་གདོན་གྱིས་ཉེན་པ་དང་། །​མྱ་ངན་ངལ་ལས་བྱུང་བ་ཡི། །​རྨི་ལམ་སྡིག་པ་མཐོང་ན་ཡང་། །​དེས་ནི་རབ་བཀྲུས་གཙང་མ་ཡིས། །​མདོ་སྡེ་དམ་པ་མཉན་པར་བྱ། །​གང་དག་ཡིད་དགེ་སེམས་དང་ཞིང་། །​གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །​ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །​མདོ་སྡེ་འདི་ནི་ཉན་བྱེད་ན། །​མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །​སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །​མི་བཟད་པ་ཡི་ནད་རྣམས་ཀྱང་། །​དེ་དག་ཐམས་ཅད་ཞི་བར་བལྟ། །​ཚེ་དང་བསོད་ནམས་འཕེལ་བར་འགྱུར། །​སྡིག་པ་ཀུན་ལས་རྣམ་པར་ཐར། །​ནོར་བུ་ཡུངས་ཀར་དཱུར་བ་དང་། །​རིན་ཆེན་རྨ་མེད་ཙནྡན་བཅས། །​ཤེལ་དང་རྡོ་རྗེ་མེ་ཏོག་དང་། །​ཆུ་ཡིས་གསེར་རམ་ཡང་ན་ནི། །​དངུལ་གྱི་བུམ་པ་དག་ཀྱང་རུང་། །​གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། །​ལན་གྲངས་ཉི་ཤུ་རྩ་གཅིག་གམ། །​ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །​རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །​རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །​རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།​། །​།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh949/UT22084-095-005-137#UT22084-095-005-137