བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྐྱེ་དབང་མཚུངས་པ་ཚོང་དཔོན་གྱི། །​བུ་ཚེ་དད་པས་བདེ་གཤེགས་སྟབས་འཇོག་ལ། །​གསེར་སྐུད་དག་གིས་གཏོར་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ས་ཡི་དབང་ཕྱུག་རྔོན་པའི་ཚེ། །​དེ་བཞིན་གཤེགས་པ་དགྲ་དག་འདུལ་བ་ལ། །​རྩྭ་ལས་བྱས་པའི་མཆིལ་ལྷམ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཉི་མ་དགྱེས་པ་ཕྱེ་མ་མཁན། །​བྱེད་ཚེ་བདེ་གཤེགས་ཡུལ་མེད་སྤོང་བ་ལ། །​ཨུད་པལ་ཞལ་སྤོས་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྒྲ་གཅན་ཟླ་བ་གཞན་བྲན་ཚེ། །​དེ་བཞིན་གཤེགས་པ་བདུད་རྩིའི་འོད་དེ་ལ། །​རྩྭ་ཡི་ཁང་བཟངས་བྱས་ཏེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མེ་ཏོག་འོད་ནི་དགེ་སློང་ཚེ། །​དེ་བཞིན་གཤེགས་པ་ངར་མི་སེམས་པ་ལ། །​མཆིལ་སྣོད་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྨན་པའི་བདག་པོ་བྲམ་ཟེའི་ཚེ། །​དེ་བཞིན་གཤེགས་པ་ཡང་དག་སྒྲ་སྒྲོགས་ལ། །བཻ་དཱུརྱ་ལས་བྱས་པའི་གདུགས་ཕུལ་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་མདངས་མངའ་བཟང་ཀན་ཚེ། །​དེ་བཞིན་གཤེགས་པ་དཔག་མེད་སྤྱན་དེ་ལ། །​ན་བཟའ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་དགྱེས་པ་བྲམ་ཟེའི་ཚེ། །​དེ་བཞིན་གཤེགས་པ་བརྟུལ་ཞུགས་དཔའ་བོ་ལ། །​མེ་ཏོག་ཟད་མི་ཤེས་པས་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དགའ་སྟོབས་རྔ་མཁན་ཚེ། །​དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །​རྔ་བོ་ཆེ་དག་བརྡུང་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དབྱངས་སྙན་ཕྱུག་པོའི་ཚེ། །​དེ་བཞིན་གཤེགས་པ་ཡོན་ཏན་ཚོགས་དེ་ལ། །​གླིང་བུ་དག་ནི་བུད་པ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14517#UT22084-045-001-14517