པའི་ཚེ། །​དེ་བཞིན་གཤེགས་པ་མཐའ་ཡས་བློ་དེ་ལ། །​ལྷུང་བཟེད་ལོ་ཐོག་སར་པས་བཀང་སྟེ་ཕུལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡེ་ཤེས་དགྱེས་པ་ཚོང་པའི་ཚེ། །​དེ་བཞིན་གཤེགས་པ་འོད་ཟེར་ཡངས་པ་ལ། །​བུ་རམ་གོང་བུ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བཀོད་པ་མཛེས་པ་ཤིང་སྲུངས་ཚེ། །​དེ་བཞིན་གཤེགས་པ་བཀོད་པ་གསལ་དེ་ལ། །​སོའུ་གན་དྷི་དག་སྙིམ་པ་བཀང་སྟེ་གཏོར། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཏི་མུག་མེད་གནས་བྲམ་ཟེའི་ཚེ། །​དེ་བཞིན་གཤེགས་པ་སྤྱན་མཆོག་དེ་ལ་ནི། །​མིག་མི་འཛུམས་པས་བལྟ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་རྨ་མེད་ལྷམ་མཁན་ཚེ། །​དེ་བཞིན་གཤེགས་པ་ཐར་པའི་བརྟུལ་ཞུགས་ལ། །​མཆིལ་ལྷམ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཏོག་གི་རྒྱལ་མཚན་གྲོང་རྡལ་གྱི། །​ཁྱེའུ་ཚེ་བདེ་གཤེགས་ཡིད་འོང་གཟིགས་དེ་ལ། །​མེ་ཏོག་བར་ཤིའི་ཕྲེང་བ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བདེ་བར་དགོངས་པ་ཤིང་ཐུན་ཚེ། །​དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །​ཨུད་པལ་དམར་པོ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཏི་མུག་མེད་རྒྱལ་འཁོར་སྒྱུར་ཚེ། །​དེ་བཞིན་གཤེགས་པ་དབྱངས་ཆེན་དེ་ལ་ནི། །​ན་བཟའ་རིན་པོ་ཆེ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཆོ་ག་མཁྱེན་པ་བློན་ཆེའི་ཚེ། །​འོབས་སུ་སྟེགས་དག་གཟུགས་པ་བྱས་ནས་ཀྱང་། །​བདེ་གཤེགས་འོད་ཕུང་གཟི་བརྗིད་ཆེན་པོ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དག་པའི་རྒྱ་མཚོ་ཚོང་དཔོན་ཚེ། །​དེ་བཞིན་གཤེགས་པ་ཏོག་གི་འོད་དེ་ལ། །​ཁྲུས་ཁང་དག་ནི་བྱས་ཏེ་ཕུལ་ནས་ཀྱང་། །​དང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14508#UT22084-045-001-14508