བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཤེས་རབ་རྣམ་འགོད་ང་རོ་ནི། །​རལ་པ་ཅན་ཚེ་བདེ་གཤེགས་ཡོན་ཏན་བཞེད། །​དེ་ལ་དཀའ་ཐུབ་གནས་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡོན་ཏན་འོད་ཟེར་གཟི་བརྗིད་བཟང་མཁན་ཚེ། །​དེ་བཞིན་གཤེགས་པ་ཆོས་ཀྱི་མེ་ཏོག་དེ་ཡི་ནི། །​ཆོས་གོས་སྣམ་སྦྱར་དག་ནི་དྲུབ་པ་བྱས་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དྲང་སྲོང་དབང་པོ་བསོད་སྙོམས་ཚེ། །​དེ་བཞིན་གཤེགས་པ་གཟི་བརྗིད་མཛེས་པ་ལ། །ཁབ་རལ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བློ་ལྡན་ཕྱུགས་རྫིའི་དཔོན་པོའི་ཚེ། །​དེ་བཞིན་གཤེགས་པ་ཟླ་བ་སྣང་མཛད་ལ། །​ལྷུང་བཟེད་འོ་མས་བཀང་སྟེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྤོབས་པའི་ཚོགས་ནི་རྒྱལ་བུའི་ཚེ། །​དེ་བཞིན་གཤེགས་པ་ཞི་བའི་འོད་དེ་ལ། །​ཙམ་པ་ཀ་ཡི་ཚལ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མཆོད་སྦྱིན་བཟང་པོ་ཤིང་ཐུན་ཚེ། །​བདེ་གཤེགས་ཀུན་དུ་ཡོན་ཏན་མཆོག་དེ་ལ། །​ཤིང་བིལ་བ་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཟླ་ཞལ་མར་འཚོང་ཚེ། །​དེ་བཞིན་གཤེགས་པ་གཟི་བརྗིད་རྣམ་རྒྱལ་ལ། །​ཞུན་མར་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཤིན་ཏུ་གཟིགས་པ་ད་ནུར་མཁན། །​བྱེད་ཚེ་དེ་བཞིན་གཤེགས་པ་ལྷས་མཆོད་ལ། །​བག་ཆོས་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་དྲུག་པ་སྟེ་ཐ་མ། དེ་བཞིན་གཤེགས་པ་རྡུལ་བྲལ་འདྲེག་མཁན་ཚེ། །​དེ་བཞིན་གཤེགས་པ་ལྷ་ཡི་དབྱངས་དེ་ལ། །​སྤུ་གྲི་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡོན་ཏན་ཚོགས་ནི་ཁྲུས་པའི་ཚེ། །​བདེ་གཤེགས་འཁྲུལ་པ་མེད་པར་སྦྱོར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14503#UT22084-045-001-14503