རིན་ཆེན་དབྱངས་ནི་རི་མོ་མཁན་གྱི་ཚེ། །​དེ་བཞིན་གཤེགས་པའི་གཟུགས་བརྙན་དག་ནི་བྲིས་ནས་ཀྱང་། །​དེ་བཞིན་གཤེགས་པ་ཀླུ་ཡི་འོད་ལྡན་དེ་ལ་ནི། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྡོ་རྗེའི་སྡེ་ནི་བཅིངས་པ་མེད་པ་པོ། །​རལ་པ་ཅན་གྱི་ཚེ་ན་དེ་བཞིན་གཤེགས་པ་པོ། །​མཐུ་རྩལ་དྲག་ཤུལ་ཅན་ལ་རྡོ་ལེབ་ཕུལ་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་འབྱོར་ལྡན་ཕྲེང་རྒྱུད་ཚེ། །​དེ་བཞིན་གཤེགས་པ་ཆོས་ཀྱི་གཟི་བརྗིད་ལ། །​ཙམ་པ་ཀ་ཡི་ཕྲེང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སེང་གེའི་སྟོབས་ནི་ཕྱག་དར་པ་ཡི་ཚེ། །​དེ་བཞིན་གཤེགས་པ་སྲིད་པའི་མཐའ་ནི་གཟིགས་པ་པོ། །​བཅོམ་ལྡན་དེ་ནི་ཕྲག་ལ་བླངས་ཏེ་འདམ་རྫབ་བསྒྲལ། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་སྤྱན་ནི་འདྲི་མཁན་ཚེ། །​དེ་བཞིན་གཤེགས་པ་ཁྲེལ་ཡོད་བཟང་པོ་ལ། །​ཀ་ལ་མན་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འོད་སྲུང་སྦྱངས་གནས་དགེ་སློང་ཚེ། །​བདེ་གཤེགས་རྒྱ་ཆེན་གཟུགས་ཀྱི་འཆག་ས་དག ། ལྷུང་བཟེད་འབྲུ་མར་བཀང་བས་ཆག་ཆག་བཏབ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་བློ་གསལ་རྒྱལ་བུའི་ཚེ། །​དེ་བཞིན་གཤེགས་པ་ལྷ་ཡི་སྤྱན་དེ་ལ། །​འོད་ཟེར་མེ་ཏོག་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་འགྲོས་ནི་རྒྱ་མཚོའི་ཚོང་པའི་ཚེ། །​ཉམ་ཐག་ཚེ་ན་སངས་རྒྱས་དག་ལ་ཕྱག་འཚལ་ཞེས། །​ཚིག་ཏུ་བརྗོད་ནས་བདེ་གཤེགས་ཚོགས་ཀྱི་འོད་ཟེར་ལ། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཟི་བརྗིད་དྲག་ཤུལ་མགར་བའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་མཆོག་དེ་ལ། །​དངུལ་ལས་བྱས་པའི་ལྷུང་བཟེད་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འོད་ཟེར་ཆེན་པོ་ཚོང་དཔོན་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་མཉམ་པར་བཞག་པའི་བདག་ཉིད་དེ། །​ཉིན་གཅིག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14475#UT22084-045-001-14475