རྫིའི་ཚེ་དེ་བཞིན་གཤེགས་པ་བདེ་གཤེགས་ཀྱི། །​གདན་ནི་འབའ་ཏི་ཤིང་དྲུང་བཏིང་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྐྱེ་དབང་གྲོང་ཁྱེར་རྟེན་པའི་ཚེ། །​དེ་བཞིན་གཤེགས་པ་གསལ་བའི་ལྷ་དེ་ལ། །​ཏྲེ་ཀ་ནི་ཡི་མེ་ཏོག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བློ་གྲོས་བཟང་པོ་གྲོང་དཔོན་ཚེ། །​དེ་བཞིན་གཤེགས་པ་མཐའ་ཡས་གཤེགས་དེ་ལ། །​ཨ་མྲའི་ལྕུག་མ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འཇིག་རྟེན་འོད་ནི་སྤོས་འཚོང་ཚེ། །​དེ་བཞིན་གཤེགས་པ་ཡུལ་འཁོར་ལྷ་དེ་ལ། །​སྤོས་རྣམས་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རིན་ཆེན་གཟི་བརྗིད་བྲམ་ཟེའི་ཚེ། །​དེ་བཞིན་གཤེགས་པ་བློ་ཟབ་དེ་ལ་ནི། །​བལ་དང་འབྲས་བུ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྐལ་ལྡན་ཤིང་རྟ་རྩྭ་འཚོང་ཚེ། །​དེ་བཞིན་གཤེགས་པ་སྡེ་ཡི་འགྲོས་དེ་ལ། །​མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཀུན་རྒྱལ་འཁྲུལ་འཁོར་མཁན་གྱི་ཚེ། །​དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །​དར་གྱི་ལྡ་ལྡི་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དགའ་བ་བཀོད་པ་ཚོང་དཔོན་ཚེ། །​དེ་བཞིན་གཤེགས་པ་གཟི་བརྗིད་ཕུང་པོ་ལ། །​འོ་མར་བཅས་པའི་འབྲས་ཅན་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་སྟེགས་ནི་མཛད་པ་པོ། །​ཤིང་རྟ་མཁན་ཚེ་བདེ་གཤེགས་དགྱེས་ཆུང་ལ། །​ཤིང་ལས་བྱས་པའི་མཆིལ་ལྷམ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྤོས་ཀྱི་གླང་པོ་ཁྱིམ་བདག་ཚེ། །​དེ་བཞིན་གཤེགས་པ་མཐུ་རྩལ་ཆེན་པོ་ལ། །​རྨ་བྱའི་བསིལ་ཡབ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བློ་གྲོས་འོད་འཕྲོ་རྒྱལ་པོ་ཡི། །​བཙུན་མོའི་ཚེ་ན་བདེ་གཤེགས་རྒྱལ་སྡེ་ལ། །​མེ་ཏོག་པར་ཤི་ཆང་པ་གང་ཕུལ་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རི་བོ་རྒྱལ་མཚན་ཁྱེ་འུའི་ཚེ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14459#UT22084-045-001-14459