དེ་བཞིན་གཤེགས་པ་རྒྱུ་སྐར་རྒྱལ་པོ་ལ། །​མེ་ཏོག་མན་དཱ་ར་བ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཡོན་ཏན་ཕུང་པོ་ནི། །​སཱལ་ཆེན་ལྟ་བུའི་བྲམ་ཟེའི་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་ཟླ་བ་ལྷ་དེ་ལ། །​ཕྲེང་ཕུལ་དང་པོར་བྱང་ཆུབ་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཟླ་ཏོག་སྤོས་འཚོང་ཚེ། །​དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ཡི། །​ཁང་པ་བརྩེགས་པར་སྤོས་བྱུག་ཕྱིར་ཕུལ་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་མཐུ་ཐོབ་ཤིང་སྲུངས་ཚེ། །​དེ་བཞིན་གཤེགས་པ་གྲགས་པ་ཆེ་དེ་ལ། །​དགུན་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མཐུ་རྩལ་མཐའ་ཡས་ཚོང་དཔོན་གྱི། །​བུ་ཚེ་དེ་བཞིན་གཤེགས་པ་འཇམ་དབྱངས་ལ། །​སེ་འབྲུ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཟླ་བ་བྲམ་ཟེའི་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་སྟོན་པར་དགྱེས་དེ་ལ། །​ཨུད་པལ་ཆང་པ་གང་ཞིག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དྲི་མེད་ཚོང་དཔོན་གྱི། །​བུ་ཚེ་དེ་བཞིན་གཤེགས་པ་གྲགས་བླ་ལ། །​མེ་ཏོག་བར་ཤིག་སྐྱེ་བའི་ས་གཞི་ཕུལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དོན་ཀུན་གཟིགས་པ་དེད་དཔོན་ཚེ། །​དེ་བཞིན་གཤེགས་པ་ལྷ་ཡི་རྒྱལ་པོ་ལ། །​མུ་ཏིག་དག་གི་ཕྲེང་བ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དཔའ་བོ་སྤོས་འཚོང་ཚེ། །​དེ་བཞིན་གཤེགས་པ་དམར་སེར་འོད་དེ་ལ། །​ཙན་དན་དག་གི་གདན་ཁྲི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འབྱོར་ལྡན་ཚོང་འདུས་པ་ཡི་ཚེ། །​དེ་བཞིན་གཤེགས་པ་བདེ་བར་འདུད་དེ་ལ། །​སྙུན་རྐྱེན་གསོས་སྨན་མར་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བསོད་ནམས་བ་ལང་རྫི་ཡི་ཚེ། །​དེ་བཞིན་གཤེགས་པ་བློ་གྲོས་སེམས་དེ་ལ། །​སྣོད་དག་ཞོ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14450#UT22084-045-001-14450