གཤེགས་པ་ཕྱོགས་རྣམས་ལྟ་དེ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་མིག་བརྒྱན་རྒྱལ་བུའི་ཚེ། །​དེ་བཞིན་གཤེགས་པ་ཆོས་ཀྱི་འོད་དེ་ལ། །​ཆུ་དང་སྐྱུ་རུ་ར་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཚུལ་ཁྲིམས་གསལ་དེ་སྔ་དྲོ་ཞིག །​དེ་བཞིན་གཤེགས་པ་ལེགས་པར་སྦྱངས་པའི་བློས། །​དགའ་བས་སངས་རྒྱས་རྗེས་སུ་དྲན་བྱས་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཟིལ་གནོན་ཡེ་ཤེས་ཀྱིས། །​ངན་འགྲོར་འགྲོ་བ་ཚུལ་ཁྲིམས་ལ་བཀོད་ནས། །​དེ་བཞིན་གཤེགས་པ་མཐའ་ཡས་བློ་དེ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མཐའ་ཡས་སྤྱན་ནི་གོས་འཚོང་ཚེ། །​དེ་བཞིན་གཤེགས་པ་མཐའ་ཡས་གཟུགས་དེ་ལ། །​རས་བཅོས་བླ་རེ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བདེན་གསུང་ཁྱིམ་བདག་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་བརྩོན་འགྲུས་བརྟན་དེ་ལ། །​མེ་ཏོག་དག་ལས་བྱས་པའི་གདུགས་ཕུལ་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཉི་འོད་བཅའ་བ་མཁན་བུའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་དེ་ལ། །​ལ་དུ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དེས་བློ་བཟོ་མཁན་ཚེ། །​དེ་བཞིན་གཤེགས་པ་ཀུན་ནས་བློ་དེ་ལ། །​གདིང་བ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མཐའ་ཡས་གཟུགས་ནི་ཤིང་རྟ་མཁན། །​གྱུར་ཚེ་དེ་བཞིན་གཤེགས་པ་འོད་ཞི་ལ། །​པ་ལ་ཤི་ཀ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྣམ་པར་སྣང་མཛད་ཁར་བ་མཁན། །​གྱུར་ཚེ་བདེ་གཤེགས་མི་ཡི་གཟི་བྱིན་ལ། །​མེ་ལོང་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རིན་ཆེན་ཏོག་ནི་ནོར་བུ་མཁན་གྱུར་ཚེ། །​དེ་བཞིན་གཤེགས་པ་བསོད་ནམས་སྟེགས་བཟང་ལ། །​ནོར་བུ་དག་ནི་དབུལ་བ་བྱས་ནས་ཀྱང་། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14446#UT22084-045-001-14446