ཚད་བཅུ་གཉིས་པ། །​གཅིག་སྟེ་ནོར་བུ་བཟང་པོའི་དྲ་བས་སྤྲས། །​དེ་བཞིན་གཤེགས་པ་བློ་དང་ལྡན་པ་ཡི། །​སྐྱེ་བའི་ཡུལ་ནི་ཤེས་རབ་གསལ་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་ཆོས་བཟངས་ཡིན། །​ཐར་པའི་བརྟུལ་ཞུགས་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ཏོག་ལྡན་ལེགས་སེམས་རིམ་གྲོ་པ། །​བདུད་རྩི་དགའ་ཞེས་བྱ་བ་མཁས་པ་སྟེ། །​བཀོད་པ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​སྲིད་པའི་རྒྱ་མཚོའི་ཕ་མཐར་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་བརྒྱད་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​སྣང་བ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་གསུམ་པ། །​རིན་ཆེན་མང་པོའི་དྲ་བས་མཛེས་པར་བྱས། །​དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲོན་མ་སྤྱན། །​སྐྱེ་བའི་ཡུལ་ནི་ཆོས་ཀྱི་རྒྱལ་མཚན་ཡིན། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་བློ་གྲོས་ཅན། །​ཟླ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཟླས་བྱིན་འཇམ་པའི་རིམ་གྲོ་པ། །​སྤོབས་པ་སེམས་ནི་བློ་གྲོས་ཅན་ཡིན་ཏེ། །​འཁྲུགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་བཞི་ཀུན་ལའང་། །​ང་རྒྱལ་སྲེད་པའི་དྲ་བ་འཇིག་པ་པོ། །​བྱེ་བ་ཕྲག་ནི་དྲུག་ཅུ་ལྔ་ལྔ་ཡོད། །​མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དྲུག་ཁྲི་ལྔ་སྟོང་བར་དུ་གནས། །​ཐུགས་རྗེ་ཅན་གྱི་སྐུ་གདུང་རྒྱས་འགྱུར་ལ། །​རིན་ཆེན་བྱེ་བ་དག་གིས་རབ་ཏུ་བརྒྱན། །​འཇིག་རྟེན་མགོན་པོ་ཤིན་ཏུ་གཟིགས་པ་ཡི། །​སྐྱེ་བའི་ཡུལ་ནི་གཟི་བརྗིད་སྒྲོན་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་ལྔ་བརྒྱ་ཡབ་ནི་ཞུམ་མེད་ཡིན། །​བློ་བརྟན་འཛིན་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བློ་ལྡན་བློ་བཟངས་རིམ་གྲོ་པ། །​རྣམ་པར་སྣང་བྱེད་ཅེས་བྱ་མཁས་པ་སྟེ། །​འཇིག་རྟེན་སྒྲ་ལ་འཇུག་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​དུག་རྩ་བཅད་དང་མཚུངས་པའི་དགྲ་བཅོམ་པ། །​བྱེ་བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དྲུག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14424#UT22084-045-001-14424