དཔག་ཚད་ཐེར་འབུམ་ཡབ་ནི་ཕན་འདོད་ཡིན། །​འཕགས་ལས་ཉན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དེས་པ་གཟུགས་བཟང་རིམ་གྲོ་པ། །​བསོད་ནམས་འགྲོས་ཞེས་བྱ་བ་མཁས་པ་སྟེ། །​ཀུན་དུ་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​ཐམས་ཅད་རྒྱགས་དང་དྲེགས་འགྲོས་རབ་ཞི་བ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཆིག་སྟོང་ཡིན། །​དམ་ཆོས་ལོ་གྲངས་བྱེ་བའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བཟང་པོ་གྲངས་ནི་བདུན་འབུམ་སྟེ། །བཀོད་པ་ཐམས་ཅད་རིན་ཆེན་བརྒྱ་སྙེད་ཡིན། །​འཇིག་རྟེན་མགོན་པོ་སྦྱིན་སྲེག་འོད་འཕྲོ་ཡི། །​སྐྱེ་ཡུལ་མཆོད་རྟེན་སྣང་བར་བྱེད་ཅེས་བྱ། །​དེ་ཡི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་སྟོང་ཡོད་ཡབ་ནི་མེ་ཏོག་བཟང་། །​སཱ་ལའི་བདག་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཟླ་ལྡན་ཞི་ལྡན་རིམ་གྲོ་པ། །​བལྟ་ན་སྡུག་ཅེས་བྱ་བ་མཁས་པ་སྟེ། །​ལེགས་མཐོང་དབྱངས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང་། །​བྱང་ཆུབ་མཆོག་ལ་ངེས་པར་གྱུར་པ་པོ། །​བྱེ་བ་ཕྲག་ནི་བརྒྱ་བརྒྱ་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་ལྔ་ཁྲི་ལྔ་སྟོང་ཡིན། །​དངོས་པོ་མེད་པར་ཕྱིན་པ་དེ་ཡི་ཆོས། །​བྱང་ཆུབ་ཡོངས་སྨིན་བྱ་ཕྱིར་དམ་ཆོས་ཀུན། །​ལོ་གྲངས་བྱེ་བ་ཕྲག་ནི་གསུམ་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​ཡོན་ཏན་མཐའ་ཡས་གཟི་བརྗིད་ཕུང་པོ་ཡི། །​སྐྱེ་ཡུལ་ཆོས་ཀྱི་ཡོན་ཏན་འབྱུང་གནས་ཡིན། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ལྔ་བཅུ་རྩ་དྲུག་ཡབ་ནི་ལྷ་དབང་ཡིན། །​ཐར་པའི་འགྲོས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྐར་མཁན་འོད་ལྡན་རིམ་གྲོ་པ། །​བྱམས་པའི་ང་རོ་ཞེས་བྱ་མཁས་པ་སྟེ། །​ལྷ་ཡི་གཞལ་མེད་འདོད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །​རི་དབང་རྒྱལ་པོ་མི་གཡོ་སྤ་བ་བཞིན། །​བྱེ་བ་ཕྲག་ནི་སུམ་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །​སྣང་བ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་བཞི་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14409#UT22084-045-001-14409