རྒྱལ་མཚན་དག་གིས་བསྐོར། །​འཇིག་རྟེན་མགོན་པོ་སྙིང་པོ་སྐྱེ་བ་ཡི། །​ཡུལ་ནི་མཐུ་རྩལ་བློ་གྲོས་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་ཡབ་ནི་ཚངས་འོད་ཡིན། །​ཞི་བའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྤྲིན་ལྡན་ལག་འགྲོ་རིམ་གྲོ་པ། །​བདུད་རྩིའི་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །​རྣམ་སྨིན་སྣ་ཚོགས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་དང་། །​གཞན་ཡང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​ཆགས་པ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ཞིང་རྣམས་ཀུན་དུ་མཆོད་རྟེན་དག་གིས་གང་། །​དེ་བཞིན་གཤེགས་པ་ལྷ་ཡི་བདག་པོ་ཡི། །​སྐྱེ་བའི་ཡུལ་ནི་འཇིག་རྟེན་གསལ་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​སྟོང་གསུམ་ཙམ་ཡོད་ཡབ་ནི་ལྷ་བཟང་ཡིན། །​ལྷ་ཡི་ཟླ་བ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ལྷ་ཡིན་ཀུན་རྒྱལ་རིམ་གྲོ་པ། །​ཡེ་ཤེས་སྟོབས་ཞེས་བྱ་བ་མཁས་པ་སྟེ། །​རྣམ་པར་གྲགས་པའི་སྒྲོན་མ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང་། །​ཐམས་ཅད་བྱང་ཆུབ་དག་ལས་མི་ལྡོག་པ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་བརྒྱ་བརྒྱ་ཡོད། །​མི་ཚེ་ལོ་གྲངས་ཆིག་ཁྲི་ཉིས་སྟོང་ཡིན། །​བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །​དམ་ཆོས་ལོ་གྲངས་བྱེ་བ་བཅུ་གཉིས་གནས། །​སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོ་ཀུན། །​བྱེ་བ་ཕྲག་ནི་ཁྲི་ཕྲག་གསུམ་ཞིག་འབྱུང་། །​དེ་བཞིན་གཤེགས་པ་རིན་ཆེན་མཐོན་པོ་ཡི། །​སྐྱེ་ཡུལ་མཐོང་ན་དགའ་བར་བྱེད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་འབུམ་ཡོད་ཡབ་ནི་བློ་གྲོས་ཅན། །​མི་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་ལེགས་མཐོང་རྒྱལ་རིགས་རིམ་གྲོ་པ། །​ཡེ་ཤེས་འགྲོས་ཞེས་བྱ་བ་མཁས་པ་སྟེ། །​རྣམ་པར་གྲགས་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་བརྒྱད་ཀུན་ལའང་། །​ཉོན་མོངས་བག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14407#UT22084-045-001-14407