སྲས་པོ་མེ་ཏོག་བཟོད་པ་རིམ་གྲོ་པ། །​ཡོན་ཏན་སྒྲོགས་ཞེས་བྱ་བ་མཁས་པ་སྟེ། །​བདེན་པར་སྨྲ་བའི་ང་རོ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​བདུད་དང་ཉོན་མོངས་ཐམས་ཅད་འཇོམས་པ་པོ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དྲུག་ཁྲི་བདུན་སྟོང་ཡིན། །​རྣམ་པར་གྲོལ་བར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་སུམ་ཁྲི་ཉིས་སྟོང་བར་དུ་གནས། །​སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱ་པ་གཅིག །​རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །​སངས་རྒྱས་འགྲོ་བའི་དབང་ཕྱུག་སྐྱེ་བ་ཡི། །​ཡུལ་ནི་ཐར་པ་སྣང་བར་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱད་བརྒྱ་ཤིན་ཏུ་འཇིགས་བྱེད་ཡབ། །​ལྷ་ཡི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གྲོགས་བྱེད་མཐུ་རྩལ་རིམ་གྲོ་པ། །​ཡིད་འོང་གཟི་བརྗིད་བློ་གྲོས་ཅན་ཡིན་ཏེ། །​ཆགས་བྲལ་གཏི་མུག་མེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་། །​དགྲ་བཅོམ་རིམས་ནད་མེད་པར་གྱུར་པ་པོ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་བརྒྱ་བརྒྱ་ཡོད། །​མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །​ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་དྲུག་ཁྲི་བཞི་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​མུ་ཏིག་སྟོང་ལྡན་རྒྱལ་མཚན་དག་གིས་བསྐོར། །​འཇིག་རྟེན་མགོན་པོ་ལྗོན་པ་སྐྱེ་བ་ཡི། །​ཡུལ་ནི་ཐར་པར་དད་པར་བྱེད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དགུ་བཅུ་རྩ་དགུ་ཡབ་ནི་སྤོས་བཟང་ཡིན། །​དབང་པོ་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བདེ་དགའ་དྲག་ཤུལ་རིམ་གྲོ་པ། །​ལྷ་གྲགས་ཞེས་ནི་བྱ་བ་མཁས་པ་སྟེ། །​བླ་ན་མེད་པར་སེམས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​ལྷ་ཡི་གནས་ཀྱི་ཕ་མཐར་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་སུམ་ཅུ་ལྔ་ལྔ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བཞི་སྟོང་བར་དུ་གནས་པར་འགྱུར། །​སྐུ་གདུང་མཆོད་རྟེན་དཔག་ཚད་དགུ་པ་གཅིག །​རྒྱལ་མཚན་མཆོག་དང་གཙུག་གི་ནོར་བུས་བརྒྱན། །​རྒྱལ་བ་གཏི་མུག་རབ་ཟད་སྐྱེ་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14400#UT22084-045-001-14400