དཔག་ཚད། །​བདུན་ཅུ་རྩ་གཉིས་ཡབ་ནི་བློ་གྲོས་ལྡན། །​བལྟ་བཟོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྩི་སྨན་མདངས་བཟངས་རིམ་གྲོ་པ། །​ཆོས་ཀྱི་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །​འཇིག་རྟེན་གཞོལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​འཇིག་རྟེན་ཟང་ཟིང་མེད་པའི་དགྲ་བཅོམ་པ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བདུན་པ་གསེར་གྱི་བླ་རེར་ལྡན། །​དེ་བཞིན་གཤེགས་པ་ཡུལ་འཁོར་སྤོབས་པ་ཡི། །​སྐྱེ་བའི་ཡུལ་ནི་མཁས་པས་མཆོད་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་རྩ་དགུ་ཡབ་ནི་ཡོན་ཏན་དོན། །​དོན་སྨྲ་བ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལྟ་བྱེད་ལེགས་མཐོང་རིམ་གྲོ་པ། །​བློ་གྲོས་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །​མཆོག་ཏུ་ཁྱད་པར་འཕགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​དགྲ་བཅོམ་ཀུན་ལ་ཕན་ཕྱིར་སྙིང་བརྩེ་བ། །​བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་ཁྲི་ཕྲག་སྟོང་རྩ་བཞི། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །​འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག །​ཞིང་རྣམས་དག་ཏུ་རྒྱས་ཤིང་གང་བར་འགྱུར། །​སངས་རྒྱས་རིན་ཆེན་རབ་སྦྱིན་སྐྱེ་བ་ཡི། །​ཡུལ་ནི་ཐམས་ཅད་སྣང་བར་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་འབྱོར་པའི་ལྷ། །​ལྷ་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་ལྷ་དགའ་ལྷ་ནི་རིམ་གྲོ་པ། །​བདུད་རྩིའི་དབྱངས་ཞེས་བྱ་བ་མཁས་པ་སྟེ། །​གནས་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​བྱས་པའི་མཐར་ཕྱིན་ཞི་བར་གྱུར་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14347#UT22084-045-001-14347