མཁས་པ་སྟེ། །​བྱང་ཆུབ་ཚོགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་གཉིས་ཀུན་ལའང་། །​ཁུར་བོར་རྣམ་པར་གྲོལ་བར་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང་། །​མི་ཡི་མཆོག་མ་ལྗོན་ཤིང་དབང་པོ་ཡི། །​སྐྱེ་བའི་ཡུལ་ནི་དབང་པོ་སྣང་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་རྒྱལ་བའི་དབང་པོ་ཡབ། །​ཡོན་ཏན་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྐར་མཁན་ལེགས་སྣང་རིམ་གྲོ་པ། །​ཡོན་ཏན་དག་གིས་བརྒྱན་པ་མཁས་པ་སྟེ། །​འཇིགས་པ་མེད་པའི་ཕྲུག་གུ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །​བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །​གཞན་ཡང་བརྒྱད་ཁྲི་བརྒྱད་ཁྲི་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །​ཡོན་ཏན་མཐའ་ཡས་པ་ཡི་དམ་ཆོས་དག །​ལོ་གྲངས་ཉི་ཁྲི་ཉིས་སྟོང་གནས་པར་འགྱུར། །​ལྷ་མི་དག་ལ་ཕན་ཞིང་བདེ་བའི་ཕྱིར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​དེ་བཞིན་གཤེགས་པ་གདངས་སྙན་སྐྱེ་བའི་ཡུལ། །​ཡིད་དུ་འོང་བའི་དབྱངས་དང་ལྡན་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་རབ་ཏུ་དགའ་བ་ཡབ། །​མཆོག་མཐོང་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྒྱལ་མཆོག་ཆོས་ཅན་རིམ་གྲོ་པ། །​བདུད་རྩི་ང་རོ་ཞེས་བྱ་མཁས་པ་སྟེ། །​འཕགས་པས་བསྔགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​དགྲ་བཅོམ་ཞི་བ་གཏི་མུག་མེད་གྱུར་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​ཆགས་པ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །​དཔག་ཚད་བདུན་ཅུ་རྩ་བདུན་པ་གཅིག་འབྱུང་། །​དེ་བཞིན་གཤེགས་པ་བསོད་ནམས་སྟོབས་དག་གི། །​སྐྱེ་ཡུལ་བསོད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14336#UT22084-045-001-14336