རིམ་གྲོ་པ་ནི་སྤ་གོས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་སྦྱིན་གོ་བགོས་ང་རོའི་བློ་ཅན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་གསལ་དྲི་མེད་སེམས་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །​དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡེ་ཤེས་འབྱོར་ལྡན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་འབྱོར་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུ་བརྒྱའོ། །ཡབ་ནི་རིན་ཆེན་གཟི་བརྗིད་སྣང་བ་ཅེས་བྱའོ། །​ཡུམ་ནི་རིན་ཆེན་འོད་ཅེས་བྱའོ། །​སྲས་ནི་རིན་པོ་ཆེའི་འབྱུང་གནས་ཞེས་བྱའོ། །​རིམ་གྲོ་པ་ནི་རིན་པོ་ཆེའི་སྒྲོན་མ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་བཟང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཟང་མཆོག་དཔལ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བཅུ་དགུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་གསུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །​དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཚངས་པའི་དབྱིག་སྐྱེ་བའི་ཡུལ་ནི་དབྱིག་སྣང་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་ཅུའོ། །​ཡབ་ནི་གཟུངས་ཀྱི་ང་རོ་ཞེས་བྱའོ། །​ཡུམ་ནི་ཚངས་མཆོག་དཔལ་ཞེས་བྱའོ། །​སྲས་ནི་ཐར་པ་ལ་དམིགས་པའི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཕུང་པོ་མཐའ་ཡས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་རྒྱལ་མཚན་རྒྱལ་ཆེན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བདུད་རྩི་གནས་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་རྩ་བརྒྱད་དེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཕྱག་ན་རིན་ཆེན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་བརྒྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14309#UT22084-045-001-14309