མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །​འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །​སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བྱེ་བ་སྟོང་། །​འཇིག་རྟེན་མགོན་པོ་རྒྱལ་བ་སྐྱེ་བ་ཡི། །​ཡུལ་ནི་རྒྱལ་བར་དཀའ་བ་ཞེས་ཀྱང་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ཉི་ཁྲི་དབང་པོ་ཆེན་པོ་ཡབ། །​རྒྱགས་སྲེད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྣམ་ངེས་ཟླ་བ་རིམ་གྲོ་པ། །​ཆོས་ཀྱི་འགྲོས་ཞེས་བྱ་བ་མཁས་པ་སྟེ། །ཕྱིར་ཞིང་ལེགས་པར་སེམས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་རྩ་བཞི་སྟེ། །​ཀུན་ལའང་དགྲ་བཅོམ་ལེགས་པར་ཚོགས་པའི་གྲངས། །​བྱེ་བ་ཕྲག་ནི་འབུམ་འབུམ་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །​དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་གསུམ་པ་གསེར་གྱི་བླ་རེར་ལྡན། །​རྟ་བབས་བྱེ་བ་སྟོང་ཕྲག་བཅུ་ཡང་ཡོད། །​དེ་བཞིན་གཤེགས་པ་རྒྱ་ཆེན་སྙིང་པོ་ཡི། །​སྐྱེ་བའི་ཡུལ་ནི་མཆོད་པ་མཐའ་ཡས་ཡིན། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་ལེགས་རྟོགས་ཡིན། །​ཐར་འདོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལེགས་གྲོལ་རྣམ་གྲོལ་རིམ་གྲོ་པ། །​ས་ཡི་འོད་ཅེས་བྱ་བ་མཁས་པ་སྟེ། །​བདུད་རྣམས་ཕུང་བར་བྱེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​མཁའ་དང་མཚུངས་པའི་སེམས་ཐོབ་དྲང་སྲོང་དག །​བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​དམ་པའི་ཆོས་དག་ལོ་གྲངས་ཆིག་འབུམ་དང་། །​ཉི་ཁྲི་ཆིག་སྟོང་བར་དུ་གནས་པར་འགྱུར། །​སྐུ་གདུང་མཆོད་རྟེན་དཔག་ཚད་ལྔ་པ་གཅིག །​གཙུག་གི་ནོར་བུ་སྟོང་ཕྲག་སྙེད་ཀྱང་སྦྱངས། །​དེ་བཞིན་གཤེགས་པ་བསོད་ནམས་འོད་ཟེར་གྱི། །​སྐྱེ་བའི་ཡུལ་ནི་སྐར་མའི་འོད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ཉི་ཤུ་བསོད་ནམས་བཟང་པོ་ཡབ། །​བསོད་ནམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14279#UT22084-045-001-14279