ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ལྷ་དང་མི་མཆོག་དག་གིས་མཆོད་པར་འགྱུར། །​དེ་བཞིན་གཤེགས་པ་ཉི་མའི་འོད་ཟེར་གྱི། །​སྐྱེ་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་རྩ་དགུ་ཡབ་ནི་ལྷ་བཟང་ཡིན། །​གསེར་འོད་མ་ནི་ཡུམ་ཡིན་སྲས་པོ་ནི། །​འོད་ཟེར་བྱིན་ཡིན་ལག་བཟངས་རིམ་གྲོ་པ། །​འོད་དང་ལྡན་པ་བློ་གྲོས་ཅན་ཡིན་ཏེ། །​སྒྲོན་མ་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​དགྲ་བཅོམ་ཆགས་པ་མེད་པར་གྱུར་པ་པོ། །བྱེ་བ་ཕྲག་ནི་སྟོང་སྟོང་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་གཉིས་ཡིན། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་པ་ཡི། །​དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །​སུམ་ཅུ་པ་གཅིག་གསེར་གྱིས་སྤྲ་བར་བྱས། །​དེ་བཞིན་གཤེགས་པ་ཆོས་ཀྱི་མཛོད་དག་གི། །​སྐྱེ་བའི་ཡུལ་ནི་ཡེ་ཤེས་འོད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་ལེགས་སྤོང་ཡིན། །​མཛོད་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྒྱལ་སྲས་དྲང་སྲོང་རིམ་གྲོ་པ། །​དྲང་སྲོང་མཐུ་རྩལ་ཅན་ནི་མཁས་པ་སྟེ། །​འཇིགས་པ་མེད་པའི་ཡེ་ཤེས་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །​ལུས་སྦྱངས་ཆགས་པ་མེད་པར་གྱུར་པ་པོ། །​དགྲ་བཅོམ་ཐེར་འབུམ་ཐེར་འབུམ་ཚང་བར་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་ལྔ་པ་ཀུན་ནས་མཛེས་པར་བྱས། །​འཇིག་རྟེན་མགོན་པོ་བློ་གྲོས་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་བློ་གྲོས་བཀོད་ཅེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་བློ་གྲོས་ཅན། །​བློ་གྲོས་ཆེན་མོ་རྒྱལ་ཡུམ་ཀུན་གྱིས་བཀུར། །​སྲས་ཡིན་བློ་གྲོས་དབང་པོ་རིམ་གྲོ་པ། །​ཡོན་ཏན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །​ཕྱོགས་གསལ་བ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཆགས་མེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14257#UT22084-045-001-14257