ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འོད་དཔག་མེད་སྐྱེ་བའི་ཡུལ་ནི་གཟི་བརྗིད་དཔག་ཏུ་མེད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་མཐའ་ཡས་སོ། །​ཡབ་ནི་དོན་སེམས་ཞེས་བྱའོ། །​ཡུམ་ནི་སྡེ་ཆེན་མ་ཞེས་བྱའོ། །​སྲས་ནི་གྲགས་པ་འཕགས་ཞེས་བྱའོ། །​རིམ་གྲོ་པ་བློ་གྲོས་ཉེ་བར་ཞི་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྨོན་ལམ་གཟུངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྟག་ཏུ་རྣམ་པར་འཕྲུལ་ཞེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །​དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་ལྔའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​རྒྱལ་བ་རྒྱ་མཚོས་བྱིན་པ་སྐྱེ་བ་ཡི། །​ཡུལ་ནི་རྒྱ་མཚོ་མཐའ་ཡས་པ་ཞེས་བྱ། །​རྡུལ་བྲལ་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་སུམ་སྟོང་ཐོས་པའི་དབང་པོ་ཡབ། །​ཡོན་ཏན་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལེགས་མཐོང་དྲག་ཤུལ་རིམ་གྲོ་པ། །​མཆོད་རྟེན་བཅུ་པ་ཞེས་བྱ་མཁས་པ་སྟེ། །​རྒྱ་མཚོའི་བློ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ལྷུན་པོའི་རྩེ་ལྟར་གཡོ་བ་མེད་པ་པོ། །​ཐེར་འབུམ་ཐེར་འབུམ་སྙེད་ནི་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་བྱེ་བ་ཕྲག་ནི་སྟོང་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བཟང་པོ་བྱེ་བ་དགུ་བཅུ་དྲུག །​དེ་བཞིན་གཤེགས་པ་ཚངས་པའི་ཏོག་དག་གི། །​སྐྱེ་བའི་ཡུལ་ནི་ཡེ་ཤེས་སྒྲོན་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་ཚངས་བཟངས་ཡིན། །​གྲགས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྐར་མཁན་བློ་བཟངས་རིམ་གྲོ་པ། །​ཚོགས་ལྡན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །​ཚངས་པ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​རྣམ་པར་ཐར་བརྒྱད་ཐོབ་པའི་བསམ་གཏན་པ། །​བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14243#UT22084-045-001-14243