གྲགས་པའི་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་ཕྲེང་བཟངས་ཡིན། །​མེ་ཏོག་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྒྱལ་བྱིན་ལྷ་བཟངས་རིམ་གྲོ་པ། །​སྲིད་པ་གཡོ་བར་བྱེད་པ་མཁས་པ་སྟེ། །​ཐེ་ཚོམ་རྣམ་པར་འཇིག་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་དང་། །​གཞན་ཡང་ལན་གྲངས་ཉི་ཤུ་རྩ་བཞི་སྟེ། །​འདུས་པ་ཀུན་ལའང་བྱེ་བ་སྟོང་སྟོང་ཡོད། །​མི་ཚེ་ལོ་གྲངས་བརྒྱད་ཁྲི་ཉིས་སྟོང་ཡིན། །​དེ་ཡི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །​བཅུ་བདུན་ཚང་བའི་བར་དུ་གནས་པར་འགྱུར། །​སྐུ་གདུང་དག་ནི་རྣམ་པར་རྒྱས་འགྱུར་ལ། །​མཆོད་རྟེན་དག་གི་གྲངས་ནི་བརྒྱ་ཡང་ཡིན། །​མི་ཡི་འདྲེན་པ་ཐུགས་རབ་གཞུངས་པ་ཡི། །​སྐྱེ་བའི་ཡུལ་ནི་ཡེ་ཤེས་བལྟ་ཞེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ལྔ་ཡོད་ཡབ་ནི་སྒྲོན་མ་ཡིན། །​བྱང་ཆུབ་ཡན་ལག་དགའ་བ་རྒྱལ་བའི་ཡུམ། །​སྲས་པོ་ཤེད་བུ་དགེ་བཟང་རིམ་གྲོ་པ། །​འགྲོ་བས་མཆོད་ཅེས་བྱ་བ་མཁས་པ་སྟེ། །​ཡེ་ཤེས་སྟོབས་མཆོག་ལྡན་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་རྩ་དྲུག་སྟེ། །​འཇིག་རྟེན་རྒོལ་བ་རབ་འཇོམས་གཡོ་མེད་ལ། །​ཁ་གསག་མེད་པའི་དགྲ་བཅོམ་ཤ་སྟག་འདུས། །​མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །​ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་ཆིག་ཁྲི་ཉིས་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་གྲངས་ནི་བྱེ་བ་དགུར་ཡང་ཚང་། །​དེ་བཞིན་གཤེགས་པ་ནོར་བུ་ཟླ་བ་ཡི། །​སྐྱེ་བའི་ཡུལ་ནི་མིག་གིས་མཐོང་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་འོད་ཟེར་བཟང་པོ་ཡབ། །​གྲགས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཆོས་འདོད་སྐར་རྒྱལ་རིམ་གྲོ་པ། །​འགྲོ་བ་ལྟ་ཞེས་བྱ་བ་མཁས་པ་སྟེ། །​མཛའ་ཡི་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ལེགས་རྟོགས་སེམས་ལྡན་ཚུལ་ཁྲིམས་མཚུངས་པ་པོ། །​དགྲ་བཅོམ་བྱེ་བ་ཕྲག་ནི་བརྒྱ་བརྒྱ་ཡོད། །​མི་ཚེ་ལོ་གྲངས་ཆིག་ཁྲི་ཉིས་སྟོང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14189#UT22084-045-001-14189