འདུས་པ་གསུམ་པར་ལྔ་བཅུ་རྩ་བཞི་ཡོད། །​མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་གསུམ། །​མྱ་ངན་འདས་ནས་དམ་པའི་ཆོས་ཀྱི་ཚུལ། །​ལོ་གྲངས་བྱེ་བ་ཕྲག་ནི་བཞི་བཅུར་གནས། །​མྱ་ངན་འདས་པའི་མཆོད་རྟེན་གཅིག་བྱུང་ལ། །​དཔག་ཚད་གསུམ་ཙམ་ཁོར་ཡུག་གདུགས་ཀྱིས་བརྒྱན། །​དེ་བཞིན་གཤེགས་པ་གྲགས་པ་རྫོགས་པ་ཡི། །​སྐྱེ་བའི་ཡུལ་ནི་ཡུལ་བཟངས་དབུས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་གཅིག་ཡོད་ཡབ་ནི་སྡོང་བུ་ཡིན། །​དཔེ་མེད་མ་ཞེས་བྱ་བ་ཡུམ་ཡིན་ནོ། །ལྷ་དགའ་ཞེས་ནི་བྱ་བ་སྲས་པོ་ཡིན། །​བདེ་བར་འཚོ་ལྡན་ཞེས་བྱ་རིམ་གྲོ་པ། །​མཁས་པ་ཏོག་ཡིན་གླང་པོ་རྫུ་འཕྲུལ་ཅན། །​འདུས་པ་དང་པོ་དག་ཏུ་དགྲ་བཅོམ་པ། །​བྱེ་བ་བརྒྱ་ཕྲག་ཉི་ཤུ་གཉིས་པར་ཡང་། །​ཉིས་འགྱུར་གསུམ་པ་དག་ཏུ་སུམ་འགྱུར་ཡོད། །​མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅུ། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་ཚུལ། །​ལོ་གྲངས་ལྔ་ཁྲི་དྲུག་སྟོང་བར་དུ་གནས། །​དེ་ཡི་སྐུ་གདུང་རྣམས་ཀྱང་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་བརྒྱ་ཕྲག་སུམ་ཅུ་གཉིས། །​དེ་བཞིན་གཤེགས་པ་བསྙེངས་དང་བྲལ་བ་ཡི། །​སྐྱེ་བའི་ཡུལ་ནི་མེ་ཏོག་བརྒྱན་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ཁྲི་ཡོད་ཡབ་ནི་ལེགས་ཡིད་གཞུངས། །​ཆོས་ཀྱི་དབང་ཕྱུག་ཅེས་བྱ་དེ་ཡི་ཡུམ། །​སྲས་པོ་རྣམ་འཕྲུལ་རྒྱལ་ནི་རིམ་གྲོ་པ། །​ཐེ་ཙོམ་གཅོད་ཅེས་བྱ་བ་ཤེས་རབ་ཅན། །​བརྟུལ་ཞུགས་མི་གཡོ་བ་ནི་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་བསམ་གཏན་པ་ཚོགས་པ། །​ཐེར་འབུམ་ཁྲི་ཕྲག་བརྒྱད་ཅུ་འདུས་པར་འགྱུར། །​གཉིས་པར་བདུན་ཅུ་གསུམ་པར་དྲུག་ཅུ་ཡོད། །​གཞན་རྣམས་ཀུན་ཏུ་བྱེ་བརྒྱ་ཚང་བར་འགྱུར། །​མི་རྣམས་དག་གི་ཚེ་ཚད་ལོ་གྲངས་ནི། །​བྱེ་བ་སུམ་ཅུ་རྩ་དྲུག་ཐམ་པ་ཡིན། །​དམ་ཆོས་བརྒྱད་འགྱུར་གནས་ཤིང་སྐུ་གདུང་ནི། །​རིལ་གཅིག་མཆོད་རྟེན་དཔག་ཚད་ལྔ་ཙམ་མོ། །​དེ་བཞིན་གཤེགས་པ་མཆོད་འོས་ལྷ་དག་གི། །​སྐྱེ་བའི་ཡུལ་ནི་དགའ་བའི་བློ་ཞེས་བྱ། །​རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་གཅིག །​སྦྱིན་སྲེག་འོད་འཕྲོ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14109#UT22084-045-001-14109