སྒྲ་གཅན་ལྷ་ཞེས་བྱ་བ་ཡི། །​སྐྱེ་ཡུལ་བཟང་པོའི་འབྱུང་གནས་ཞེས་ཀྱང་བྱ། །​དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ཕྱེད་དང་གསུམ་ཡོད་གྲགས་བཟང་ཡབ། །​སྐལ་ལྡན་འདོད་མ་དེ་བཞིན་གཤེགས་པའི་ཡུམ། །​རིན་ཆེན་འོད་ཅེས་བྱ་བ་སྲས་ཡིན་ནོ། །​མཐའ་ཡས་གཟུགས་ཞེས་བྱ་བ་རིམ་གྲོ་པ། །​སྟོབས་བརྩོན་ཞེས་ནི་བྱ་བ་ཤེས་རབ་ཅན། །​ཟླ་བའི་ཞལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​དེ་ཡི་འདུས་པ་དང་པོར་དགྲ་བཅོམ་ཚོགས། །​བྱེ་བ་ཚང་བར་ཡོད་དེ་གཉིས་པར་ཡང་། །​བྱེ་བ་ཕྲག་དྲུག་གསུམ་པར་བྱེ་ཕྲག་ལྔ། །​སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་ཡིན། །​གཞན་ཡང་དམ་ཆོས་ཕལ་ཆེན་ཕྱིར་ཞིང་གནས། །​འདྲེན་པ་ཡི་ནི་མཆོད་རྟེན་གཅིག་འབྱུང་ལ། །​དཔག་ཚད་གཅིག་པའི་གདུགས་ནི་ལྔ་བརྒྱས་ཁྱབ། །​ཆོས་ཀྱི་རྒྱལ་པོ་རི་བོའི་རྒྱལ་མཚན་གྱི། །​སྐྱེ་བའི་ཡུལ་ནི་རྒྱལ་བ་ཅན་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་སྐུ་ཡི་འོད། །​རྒྱང་གྲགས་གཉིས་ཡོད་གཟི་བཟངས་ཡབ་ཡིན་ལ། །​བདེ་བའི་འོད་ཅེས་བྱ་བ་ཡུམ་ཡིན་ནོ། །​ཆོས་བཟངས་སྲས་ཡིན་སང་གྷིལ་རིམ་གྲོ་པ། །​སྤྱོད་པའི་འོད་ཅེས་བྱ་བ་ཤེས་རབ་ཅན། །​མྱ་ངན་མེད་དཔལ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དང་པོར་བྱེ་བ་བརྒྱ་ཕྲག་བཅུ། །​གཉིས་པར་དགུ་ཡོད་གསུམ་པར་བྱེ་བ་བརྒྱད། །​དེ་ཡི་ཚེ་ན་སྐྱེས་པ་བུད་མེད་ཀྱི། །​ཚེ་ལོ་སྟོང་ཕྲག་ཉི་ཤུ་རྩ་ཡང་གཉིས། །​འཇིག་རྟེན་རྣམ་འདྲེན་མྱ་ངན་འདས་ནས་ཀྱང་། །​དམ་པའི་ཆོས་ནི་ལོ་གྲངས་བྱེ་བར་གནས། །​སྐུ་གདུང་རིན་ཆེན་བདག་ཉིད་རིལ་པོ་གཅིག །​མཆོད་རྟེན་གཅིག་ལ་སྣ་ཚོགས་གདུགས་སྟོང་ཡོད། །​བདེ་བར་གཤེགས་པ་ཚོགས་ཅན་འོད་སྐྱེ་བའི། །​ཡུལ་ནི་ཡུལ་འཁོར་བདེ་དང་ལྡན་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ལེགས་པའི་ལྷ་ནི་ཡབ། །​དགའ་བྱེད་གཟི་བརྗིད་ཡུམ་ཡིན་སྔོ་སངས་སྲས། །​ལེགས་སེམས་གྲགས་པ་ཞེས་བྱ་རིམ་གྲོ་པ། །​ང་རོ་ཡོད་པ་དེ་ནི་མཁས་པ་སྟེ། །​རིགས་པར་དགའ་བ་རྫུ་འཕྲུལ་ཅན་ཡིན་ནོ། །​འདུས་པ་དང་པོར་དགྲ་བཅོམ་བྱེ་བ་བརྒྱ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14101#UT22084-045-001-14101