ཡིན་པ་དེ་ནི་སྦྱིན་པའིའོ། །​དངོས་པོ་བརྒྱད་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ལྟ་བ་གསལ་བར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​གདུལ་བར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཉེ་བར་སྒྲུབ་པ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བརྡ་ལ་ངེས་པའི་ཚིག་འཇུག་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཇི་ལྟ་བ་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རང་བཞིན་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མི་དམིགས་པས་ཡོངས་སུ་བསྔོས་པའི་སྦྱིན་པ་ནི་དཔེར་ན་མར་མེ་མཛད་ལྟ་བུའི་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ལུས་ལ་མི་ལྟ་བ་ནི་དཔེར་ན་ཟླ་འོད་ཀྱིས་བདེན་པ་གང་གིས་ངའི་མིག་ཅེས་སྨྲས་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལྗོངས་ཀྱི་ངེས་པའི་ཚིག་མཐོང་བར་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སྙིང་བརྩེ་བ་མི་གཏོང་བར་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​གཉིས་སུ་མེད་པས་གནས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་རང་བཞིན་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་འདོད་པ་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདོད་པ་ན་སྤྱོད་པའི་ལས་དམན་པ་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​འབྲིང་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཆེན་པོ་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལས་ཟད་པར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ལས་ཟད་པར་སྦྱོར་བར་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ལས་ཟད་པར་སྦྱོར་བའི་མི་སྐྱེ་བར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་འདོད་པ་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་གཟུགས་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཟུགས་ཀྱི་རྣམ་པར་སྨིན་པ་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​གཟུགས་ཀྱི་རྒྱུ་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྐྱེ་བའི་ལས་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14032#UT22084-045-001-14032