ཞེས་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་གཏིང་དཔག་དཀའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་དྲུག་ཚན་བཅྭ་བརྒྱད་གང་ཞེ་ན། དེ་ལ་ཅ་ཅོ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདི་ལྟར་རྒྱ་ཆེར་སྟོན་པ་དེ་ནི་སྦྱིན་པའིའོ། །​འོད་མངོན་པར་འདུ་བྱེད་པ་རྣམ་པ་གསུམ་སྟོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​གཞན་གྱི་རྒྱུད་དག་ལ་གནོད་སེམས་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བསམ་པ་ཇི་ལྟ་བ་བཞིན་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སྦྲང་མའི་སྦྲང་རྩི་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བར་སྟོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཅ་ཅོ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བསྙེལ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དྲན་པ་རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཇི་ལྟ་བ་བཞིན་ཡོངས་སུ་བསྔོ་བའི་དྲན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྦྱོར་བ་ཁ་ན་མ་ཐོ་བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཆོས་ཐམས་ཅད་མངོན་པར་གོ་བར་མཛད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​དུས་གསུམ་དུ་མ་བསྙེལ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​གསུང་རབ་མ་བསྙེལ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བསྙེལ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སེམས་མཉམ་པར་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ལ་སྐྱེ་བ་མེད་པར་མཚུངས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །ཞེན་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཕྲད་པས་ཆོག་ཤེས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​གཞན་ལ་ཕན་པ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སེམས་ཚར་བཅད་ཅིང་ཀུན་ཏུ་འཛིན་པ་ཉེ་བར་སྒྲུབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དུས་ཐམས་ཅད་དུ་བསམ་པ་ཇི་ལྟ་བ་བཞིན་ལྷུན་གྱིས་གྲུབ་པར་གནས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སེམས་མཉམ་པར་བཞག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སོ་སོར་མ་བརྟགས་པའི་བཏང་སྙོམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསམ་པ་གྲུབ་པ་བཏང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14026#UT22084-045-001-14026